རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟླ5པའི་ཚེས12ཉིན། 《དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་བདེ་འཇགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཡོངས་བསྒྲགས་བྱས་པ་དེའི་དམིགས་ཡུལ་ནི། དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་གསར་གཏོད་འདུ་ཤེས་དང་གསོན་ཉམས་ལྡན་པའི་ལག་ལེན། འཛུགས་སྐྲུན་གྲུབ་འབྲས་བཅས་ཕྱོགས་ལ་ཡོངས་ནས་འགྲེལ་བཤད་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་རྟོགས་དང་མོས་མཐུན་བྱེད་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་ཆེད་ཡིན།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཀྲུང་གོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་གནས་སྟངས་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་པ་དང་བརྟན་བརླིང་གི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ནས། བརྟན་པོ་མིན་པའི་མིག་སྔའི་འཛམ་གླིང་གི་གནས་སྟངས་འདིར་བརྟན་བརླིང་རང་བཞིན་མཁོ་འདོན་བྱེད་རྒྱུ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཛུབ་སྟོན་བསམ་བློ་དངོས་སུ་གཏན་འཁེལ་བྱས་པའི་འཐབ་ཇུས་བསམ་བློ་གལ་ཆེན་ཐོག་མ་དེ་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ལ། དེང་རབས་ཀྲུང་གོས་འཛམ་གླིང་ལ་ཕུལ་བའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ལེགས་སྐྱེས་གལ་ཆེན་ཞིག་ཀྱང་ཡིན། དུས་རབས་གསར་པའི་ཀྲུང་གོ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་བགྲོད་ལམ་རྒྱུན་འཁྱོངས་བྱ་རྒྱུ་ནི། སྤྱི་ཡོངས་དང་མ་ལག་ལྡན་པ། ལྟོས་བཅས་ཀྱི་བདེ་འཇགས་ཆེན་པོ་ཞིག་དང་། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་པ་དང་ཆབ་སྲིད་བདེ་འཇགས་གཞི་རྩར་འཛིན་པ། རྒྱལ་ཁབ་ཀྱི་ཁེ་ཕན་ཚད་གཞིར་འཛིན་པ་བཅས་ཀྱི་བདེ་འཇགས་ཤིག་ཡིན་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་སྐུལ་འདེད་གཏོང་བའི་བདེ་འཇགས་ཤིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགུལ་རྣམ་གཞིར་བཟུང་ནས་སྙོམས་སྒྲིག་བྱས་པའི་བདེ་འཇགས་ཤིག་ཡིན་པ་ལས་གཞན། ད་དུང་ཆུ་ཚད་མཐོ་བའི་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་གཏོང་རྒྱུར་འདེགས་སྐྱོར་བྱེད་པའི་བདེ་འཇགས་ཤིག་ཀྱང་ཡིན། དེ་ལས་གཞན་ད་དུང་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་ཚད་ལྡན་ངང་འཁོར་སྐྱོད་བྱེད་ཀྱིན་པའི་བདེ་འཇགས་ཤིག་ཀྱང་ཡིན།
རྒྱབ་ཤ་དཀར་པོའི་དེབ་ནང་ནན་བཤད་བྱས་དོན། ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ཀྱིས་ཏང་དང་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་གོ་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར། སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་དང་རྒྱ་མཚོའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། གསར་དར་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་བློ་གཏད་ཆོག་པའི་འགན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་བདེ་འཇགས་ཀྱི་བཙན་རྫོང་བཀན་མོ་བཙུགས་ཡོད། ཀྲུང་གོས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུར་མཐོང་ཆེན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་གང་ལེགས་བྱས་ནས། སྒོ་འབྱེད་དང་བདེ་འཇགས་ཀྱིས་ཕན་ཚུན་བར་སྐུལ་འདེད་གཏོང་བ་དང་ཕན་ཚུན་མཐུན་སྦྱོར་ངང་མཐོར་འདེགས་གཏོང་བའི་བྱེད་ཕྱོགས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ཀྱིས་བཅོས་སྒྱུར་གསར་གཏོད་སྒུལ་ཤུགས་སུ་བྱེད་པ་དང་། མ་ལག་ཅན་དང་ལམ་སྲོལ་ཅན་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་འགུལ་དང་ཕན་འབྲས་ཆེ་བའི་རྒྱལ་ཁབ་བདེ་འཇགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། དངོས་འཐབ་དངོས་སྤྱོད་ཀྱི་རྒྱལ་ཁབ་བདེ་འཇགས་ནུས་པ་བསྐྲུན་དགོས།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ནི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི“བདེ་འཇགས་ཀྱི་ལེའུ”ཞིག་ཡིན་ལ། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི“འཛམ་གླིང་གི་ལེའུ”ཞིག་ཀྱང་ཡིན། ཀྲུང་གོས་རང་ངོས་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱིའ་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་བསྟར་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་འདོད་བློ་འཛིན་གྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།