ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་དེ་སུའེ་ཙེར་གྱི་རི་ནེ་ཝ་རུ་བསྡུས།
2025.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་གའི་ཟླ5པའི་ཚེས10ཉིན་ནས་ཚེས11ཉིན་བར། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཚོང་དོན་གྱི་ཀྲུང་གོའི་ཕྱོགས་ཀྱི་སྣེ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་དང་། ཨ་རིའི་ཕྱོགས་ཀྱི་སྣེ་ཁྲིད་པ། ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སིན་ཐི། ཚོང་དོན་འཐུས་ཚབ་པ་ཀི་ལིས་ཨར་བཅས་ཀྱིས་སུའེ་ཙེར་གྱི་རི་ནེ་ཝ་རུ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་བསྡུས། ཕྱོགས་གཉིས་ཀྱིས་ཟླ1པོའི་ཚེས17ཉིན་ཀྲུང་གོ་དང་ཨ་རིའི་གཙོ་འཛིན་གྱིས་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པར་དམིགས་ནས་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཐུན་མོང་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་དང་། གྲོས་མོལ་དེ་དངོས་ཡོད་རང་བཞིན་གྱི་འཕེལ་རིམ་ལ་སླེབས།

ཧི་ལིས་ཧྥིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རི་གཉིས་ལ་ཐུན་མོང་གི་ཁེ་ཕན་མང་པོ་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན། འཕེལ་རྒྱས་ཀྱི་དུས་རིམ་དང་དཔལ་འབྱོར་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཆེན་མོ་གཉིས་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁྲོད་འགལ་བ་དང་རྩོད་གཞི་བྱུང་བ་ནི་རྒྱུན་ལྡན་ཞིག་ཡིན་ལ། གཙོ་བོ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ནས། ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་རྒྱལ་བཅས་ཀྱི་རྩ་དོན་ལ་དམིགས་པ་དང་། འདྲ་མཉམ་གྱི་ཁ་བརྡ་གྲོས་མོལ་བརྒྱུད་དེ། གནད་དོན་ཐག་གཅོད་འོས་འཚམ་བྱེད་པའི་བྱེད་ཐབས་འཚོལ་དགོས། ཉོ་ཚོང་འགྲན་རྩོད་ལ་རྒྱལ་ཁ་ལེན་མཁན་མེད་པས། ཀྲུང་གོའི་ཕྱོགས་ཉོ་ཚོང་འགྲན་རྩོད་ཁྲོད་ཞུགས་འདོད་མེད་ཀྱང་། འགྲན་རྩོད་ལ་སྐྲག་སྣང་མེད། གལ་ཏེ་ཨ་རིའི་ཕྱོགས་ཀྱིས་བསམ་བཞིན་དུ་ཀྲུང་གོའི་ཕྱོགས་ཀྱི་ཁེ་དབང་ལ་གནོད་འཚེ་སྐྱེལ་ན། ཀྲུང་གོའི་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་འགོག་མཐའ་འཁྱོལ་བྱེད་རྒྱུ་ཡིན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་བདེ་ཐང་དང་། གཏན་འཇགས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་བྱེད་པ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་ལ། གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕར་སྣོན་ཡོང་བར་ཕན་པ་ཡོད།  ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་སྦས་ཤུགས་ཟབ་མོ་སྔོག་འདོན་བྱེད་པ་དང་། མཉམ་ལས་ཀྱི་བྱ་བ་ཆེན་པོ་སྒྲུབ་སྟེ། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ཐད་རྒྱུན་ཆད་མེད་པརའཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དང་གཏན་འཇགས་རང་བཞིན་སྔར་ལས་མང་པོ་སྣོན་དགོས།

ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་གྲོས་མོལ་རྐྱེན་སྲོལ་འཛུགས་པར་མོས་མཐུན་བྱས་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་སོ་སོས་དོ་ཁུར་བྱེད་པའི་ཐད་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།