ཞི་ཅིན་ཕིང་གིས་ཨ་ཨར་པ་ཉི་སི་ཡང་བསྐྱར་ཨོ་སི་ཁྲུ་ལི་ཡའི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2025.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཏུང་ཉིཨ་ཨར་པ་ཉི་སི་ཡང་བསྐྱར་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། འདས་ཟིན་པའི་ལོ་གསུམ་གྱི་ནང་། ངས་སྐུ་ཞབས་ཙུང་ལི་དང་ཐུག་འཕྲད་བྱས་ནས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་ཐད་འབྲེལ་གཏུག་གཏིང་ཟབ་བྱས་པ་མ་ཟད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་སུ་གཏོང་ཆེད་འཐབ་ཇུས་ཀྱི་སྣེ་ཁྲིད་བྱས་པ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་དེ། རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ངས་ཙུང་ལི་ཨ་ཨར་པ་ཉི་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བརྟན་བརླིང་ངང་གོང་འཕེལ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨ་ཨར་པ་ཉི་སི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྐབས་གསར་པའི་སྲིད་གཞུང་དང་མཉམ་དུ། བརྟན་བརླིང་འཐུས་ཚང་དང་གྲུབ་འབྲས་སྔར་ལས་ཕུན་སུམ་ཚོགས་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཤ་བོ་རིན་མཚོས་བསྒྱུར།