ཟླ5པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པ་ཞིའི་ཙུང་ཐུང་ལུའུ་ལཱར་མཇལ་འཕྲད་གནང་།
ཟླ5པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པ་ཞིའི་ཙུང་ཐུང་ལུའུ་ལཱར་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་པ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་། སྐྱིད་སྡུག་མཉམ་མྱོང་དང་ཐུན་མོང་འཕེལ་རྒྱས་གཏོང་བའི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན། མིག་སྔར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་པ་ཞིའི་འབྲེལ་བ་ཆེས་བཟང་བའི་དུས་སྐབས་སུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་ནས། ཀྲུང་གོ་དང་པ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་དཔེ་རིས་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་བགྲོད་ལམ་སྟེང་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱེད་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད།
ལིས་ཆང་གིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བ་དང་། ཀྲུང་གོ་དང་པ་ཞི་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་འཛམ་གླིང་གི་གསར་དར་དཔལ་འབྱོར་དངོས་ཕུང་གལ་ཆེན་ཡིན་པས། ངེས་པར་དུ་མཐུན་སྒྲིལ་མཉམ་ལས་སྔར་ལས་དམ་ཟབ་བྱས་ཏེ་ཉེན་ཁ་དང་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། ཐོན་ལས་གྲུབ་ཚུལ་གྱི་ཁྱད་སྟོབས་གསབ་རེས་བྱས་ཏེ་ཁེ་ཕན་མཐུན་སྦྱོར་གྱི་གནས་སྔར་ལས་མང་པོ་སྔོག་འདོན་བྱས་ནས། དངུལ་རྩ་དང་ཉོ་ཚོང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས། ཐོན་ལས་ཕྲེང་འབྲེལ། ལྗང་མདོག་ཚུལ་སྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གཙོ་གནད་ལས་གཞི་སྔར་ལས་མང་པོ་ལེགས་སྐྲུན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་ཐབས་རིག་ནུས་དང་། གཞི་གྲངས་དཔལ་འབྱོར། སྔོན་ཐོན་བཟོ་སྐྲུན། སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་རྒྱུན་མཐུད་གསར་གཏོད་འགུལ་ནུས་ཇེ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གོ་གནས་ལ་མུ་མཐུད་སྲུང་སྐྱོབ་བརྟན་པོ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་ཆེད་སྟོབས་ཤུགས་གལ་ཆེན་འབུལ་འདོད་ཡོད།
ལུའུ་ལཱ་ཡིས་བསྟན་དོན། མིག་སྔར་ཀྲུང་གོ་དང་པ་ཞིའི་འབྲེལ་བ་ཆུ་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ལག་གདང་སྦྲེལ་ནས་སྔར་ལས་དྲང་གཞག་གི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཀྱི་པ་ཞི་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་གྲུབ་འབྲས་གཟེངས་སུ་ཐོན་ཡོད། པ་ཞི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཐོ་རིམ་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་གཏོང་བ། པ་ཞི་ཡི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སྦྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། དངུལ་རྩ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་ཕྲེང་འབྲེལ། ཞིང་ལས། མཁའ་སྐྱོད། སྨན་བཅོས། མི་ཐབས་རིག་ནུས་སོགས་ཐད་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། པ་ཞི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཏེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་བཀག་འགོག་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།