ཟླ5པའི་ཚེས12ཉིན་ནས་ཚེས13ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་བཅས་སུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་ཆེར་བསྐྱེད་པ། དམངས་ཚིས་རྒྱུན་མཐུད་ངང་འགན་སྲུང་དང་ལེགས་སྒྱུར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏིང་ཟབ་ཏུ་སྤེལ་ནས། གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཤིང་ཏོག་ལན་མེ་འདེབས་འཛུགས་རྟེན་གཞི་དང་མཚོ་བོད་ཚོ་པའི་ཞིང་ཕྱུགས་གསར་སྤེལ་ཚད་ཡོད་ཀུང་ཟི་རུ། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་ཤིང་ཏོག་ལན་མེ་དང་ནས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ལས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་བསྲེས་ཟབ་མོ་བྱེད་པར་ཤུགས་སྣོན་པ་དང་། ཚད་གཞི་ཅན་གྱི་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། ཐོན་ཁུངས་གཅིག་བསྡུས་བྱས་ནས་ཐོན་རྫས་གཙོ་བོ་གསར་སྐྲུན་བྱེད་པ། ཟུར་སྣོན་རིན་གྲངས་སྔར་ལས་མཐོན་པོ་གསར་གཏོད་བྱས་ཏེ། དག་ཞིང་མཚོ་སྔོན། མཐོ་སྒང་གི་ལྷད་མེད་ཐོན་རྫས་ཀྱི་ཚོང་རྟགས་ཚོང་རའི་བར་སྟོང་རྒྱ་བསྐྱེད་དགོས།
ཁྲི་ཀ་རྫོང་རྨ་ཆུའི་ལྗོངས་རྒྱུ་ཁུལ་དང་ཀོས་ནན་རྫོང་གླང་ཆེན་བྱེ་སྣའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་། ཐུན་ཏེ་རྫོང་སྐྱེ་ཁམས་ཉམས་གསོ་ལས་གཞིའི་ཡུལ་དངོས་དང་འབའ་མདོ་སྡེ་བའི་རྨ་ཆུའི་འགྲམ་བཅས་སུ། ལའོ་ཏུང་ཁྲོན་གྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། རི་གཉིས་ཀྱི་འདུ་ཤེས་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྲོལ་ཡིག་དོན་འཁྱོལ་ནན་མོ་བྱེད་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་རྨ་ཆུའི་ཉེན་བརྡའི་བརྙན་རིས་ལས་མངོན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། མཚོ་ལྷོའི་ཁྱད་ཆོས་ལྡན་པ་དང་རྫོང་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན། བེད་སྤྱོད་བཟང་བོ་བྱས་ནས། རྨ་ཆུ་དེ་མཐོ་སྒང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོར་འགྱུར་བར་བྱེད་དགོས།
ཁྲི་ཀ་རྫོང་ཆོས་རྒྱལ་ལྷ་ཁང་དང་ཐུན་ཏེ་རྫོང་རྫོང་རི་རིག་གནས་ཀྱི་གནའ་ཤུལ་དུ། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་གནའ་བོའི་བཟོ་སྐྲུན་རིག་དངོས་སྲུང་སྐྱོབ་དང་རྫོང་རི་རིག་གནས་ཀྱི་གནའ་དཔྱད་སྔོག་འདོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། རྒྱུན་འཛིན་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་མ་དཔེ་གསར་བ་འཚོལ་ཞིབ་བྱེད་པ། རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་བསྐྲུན་པ། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ལ་ཤུགས་སྣོན་པ། གནའ་དཔྱད་ཀྱི་གྲུབ་འབྲས་བསྒྱུར་བར་དོ་སྣང་བྱས་ཏེ། ལོ་རྒྱུས་རིག་གནས་ཤུལ་བཞག་ལ་དུས་རབས་གསར་པའི་ནང་གཟི་འོད་གསར་པ་འཚེར་བར་བྱེད་དགོས།
ཀོས་ནན་རྫོང་མང་ཆུ་གྲོང་རྡལ་སྲིད་གཞུང་ཕྱོགས་བསྡུས་ལས་སྒྲུབ་ཚོམས་ཆེན་དུ། ལའོ་ཏུང་ཁྲོན་གྱིས་སྡེ་ཁག་སོ་སོའི་སྲིད་དོན་ཞབས་ཞུ་བྱ་བའི་གནས་ཚུལ་གསལ་བོར་དྲིས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན། ཁོས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། གཟབ་ནན་གྱི་དགོངས་གཞི་དང་དངོས་གཉེར་གྱི་རེ་བ་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་སློབ་གསོ་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་ནས། བློ་གཅིག་སེམས་གཅིག་གིས་གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་དགོས།
ཐུན་ཏེ་རྫོང་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ། ལའོ་ཏུང་ཁྲོན་གྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་འགལ་རྩོད་ཐག་གཅོད་སོགས་ཀྱི་གནས་ཚུལ་ཡར་ཞུ་ལ་ཉན་པ་མ་ཟད། མཐུན་པ་སྤུན་བཞིའི་འདུམ་སྒྲིག་བྱེད་ཐབས་སོགས་ཁྱད་ལྡན་ཉམས་མྱོང་དང་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཚང་མས་དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། ནམ་ཡང་མི་དམངས་ལ་ཞབས་འདེགས་ཞུ་བའི་ལྷད་མེད་བརྩེ་སེམས་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་སྐུལ་མ་བཏང་།
ཞིན་ཧེ་རྫོང་ཐང་ནག་ཡུལ་ཚོ་སྡེ་གསུམ་ཡུལ་སྤོར་སྡེ་དམངས་བཀོད་སྒྲིག་བྱེད་ས་རུ། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་ལས་གཞི་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྤྱི་ཐུན་རྨང་གཞི་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྗེས་མཐུད་ལས་ཞུགས་དང་ཐོན་ལས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་མ་ཟད། མང་ཚོགས་སྡོད་ཁང་གསར་པར་སྤར་བ་དང་འཚོ་བ་གསར་བ་རོལ་བར་སྨོན་འདུན་ཞུས། ཞིན་ཧེ་རྫོང་བོད་སྨན་ཁང་དུ། ལའོ་ཏུང་ཁྲོན་གྱིས་བོད་ལུགས་གསོ་རིག་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གནས་ཚུལ་ཐད་ཀྱི་ངོ་སྤྲོད་ལ་ཉན་ནས། ཚན་རིག་ཞིབ་འཇུག་དང་ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། དུས་རབས་གསར་པའི་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་བདེ་སྐྱིད་ཇེ་མཐོར་གཏོང་བའི་སྟེང་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཞེས་བསྟན།
རིན་ཆེན་མཚོས་བསྒྱུར།