ཀྲའོ་ལི་ཅི་ཡིས་ཙམ་པབ་ཝེའི་གྲོས་ཁང་གི་གྲོས་དཔོན་མུའུ་ཏིན་ཏཱ་དང་གྲོས་མོལ་མཛད།
2025.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཙམ་པབ་ཝེའི་གྲོས་ཁང་གི་གྲོས་དཔོན་མུའུ་ཏིན་ཏཱ་དང་གྲོས་མོལ་མཛད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས13ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་ཙམ་པབ་ཝེའི་གྲོས་ཁང་གི་གྲོས་དཔོན་མུའུ་ཏིན་ཏ་དང་གྲོས་མོལ་མཛད།

ཀྲའོ་ལི་ཅི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཙམ་པབ་ཝེའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས། ཕྱོགས་གཉིས་ཀྱི་འབྲེལ་བས་དུས་ཚོད་དང་རྒྱལ་སྤྱིའི་འཕོ་འགྱུར་ཆེན་མོའི་ཉམས་སད་ཐེག་ཡོད། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲིར་ཡོང་བའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་མཛའ་མཐུན་བརྗེ་རེས་བྱས་ཏེ། ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བ་དང་གཉིས་ཕན་མཉམ་རྒྱལ་ཐད་འཆར་གཞི་གསར་བ་བཀོད། ཀྲུང་གོའི་ཕྱོགས་ཀྱིས་ཙམ་པབ་ཝེའི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། ལག་རྡང་སྦྲེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཙམ་པབ་ཝེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཙམ་པབ་ཝེའི་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཐེ་ཝན་དང་། ཞིན་ཅན་དང་བོད་ལྗོངས་ཀྱི་ཁོངས་གཏོགས། མིའི་ཁེ་དབང་སོགས་ཀྱི་གནད་དོན་ཐད་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ། ཀྲུང་གོའི་ཕྱོགས་ཀྱིས་ཙམ་པབ་ཝེའི་ཕྱོགས་དང་མཉམ་དུ་འབད་པ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་ལ་སྲུང་སྐྱོབ་དང་དེ་འཕེལ་རྒྱས་གཏོང་བ་དང་། ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པ། དངུལ་གཏོང་དང་ཚོང་དོན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཞིང་ལས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ཏེ། ན་གཞོན་དང་སྨན་བཅོས། རིག་གནས་དང་། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ཟབ་མོ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་མོ་གསུམ་མཉམ་དུ་དོན་འཁྱོལ་བྱས་ནས། བློ་རྩ་བརྟན་པོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཙམ་པབ་ཝེའི་གྲོས་ཁང་དང་མཉམ་དུ་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། དམངས་ཚིས་ལེགས་སྒྱུར་དང་། སྤྱི་ཚོགས་བཅོས་སྐྱོང་། རྒྱལ་ཁོངས་བརྒལ་བའི་ཉེས་ཅན་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་བརྗེ་རེས་དཔེ་ལྟོས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་འདོད་ཡོད། ཙམ་པབ་ཝེའི་གྲོས་མི་རྣམས་ཀྲུང་གོར་བརྗེ་རེས་དང་འཚམས་འདྲིར་ཡོང་བར་དགའ་བསུ་ཞུ།

ཀྲའོ་ལི་ཅི་ཡིས་དམངས་ཆེན་གྱི་ཁྲིམས་འཛུགས་བྱ་བ་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མཛད། ཁོས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཙམ་པབ་ཝེའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པ་སོགས་ལ་དམིགས་ནས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱེད་འདོད་ཡོད་ལ། ཙམ་པབ་ཝེའི་ཕྱོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཞུགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ།

མུའུ་ཏིན་ཏཱ་ཡིས་བསྟན་དོན། ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྲིད་སྟོན་འོག ཙམ་པབ་ཝེ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་དམ་ཟབ་ཏུ་གྱུར་ཡོད། ཙམ་པབ་ཝེའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་དུས་ཡུན་རིང་པོར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་ཚོང་དོན་དང་ནུས་ཁུངས། ཞིང་ལས། མི་ཐབས་རིག་ནུས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པའི་རེ་བ་བཅངས་ཡོད། ཙམ་པབ་ཝེའི་གྲོས་ཁང་གིས་ཀྲུང་གོའི་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་བརྒྱུད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བརྗོད་དོན་ལ་དམིགས་ནས་བརྗེ་རེས་བྱས་ཏེ། ཆུ་ཚད་མཐོ་བའི་ཙམ་པབ་ཝེ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཁྲིམས་འཛུགས་ལས་ཁུངས་ཀྱི་སྟོབས་ཤུགས་འབུལ་འདོད་ཡོད།

ཧི་ཝེ་གྲོས་མོལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།