ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འབྲེལ་འདྲིས་རྫོང་དང་འགན་ལེན་འབྲེལ་འདྲིས་ཁེ་ལས་སུ་སོང་ནས་སློབ་སྦྱོང་སློབ་གསོར་རྟོག་ཞིབ་མཛུབ་སྟོན་བྱས།
2025.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཟླ4པའི་ཟླ་དཀྱིལ་ནས་ཟླ5པའི་ཟླ་མགོའི་བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ་བཅས་ཀྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་སོ་སོར་འབྲེལ་འདྲིས་རྫོང་དང་འགན་ལེན་འབྲེལ་འདྲིས་ཁེ་ལས་སུ་སོང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གནས་ཚུལ་ཐད་རྟོག་ཞིབ་མཛུབ་སྟོན་བྱས།

ཡུལ་དངོས་ནས་མཛུབ་སྟོན་བྱེད་པ་དང་ཁྱིམ་ཚང་དུ་འཚམས་འདྲི་བྱེད་པ། བཞུགས་མོལ་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། གཞི་རིམ་གྱི་གནས་ཚུལ་དངོས་དང་སྡེ་ཁག་སོ་སོས་ཁེ་ལས་ལ་ཕན་འདོགས་པ་དང་རོགས་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པའི་གནས་ཚུལ། མང་ཚོགས་ཀྱི་བསམ་འཆར་བཅས་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་སློབ་སྦྱོང་བགྲོ་གླེང་དང་གནད་དོན་བཤེར་སྟོན་སོགས་ཀྱི་བྱ་བ་སྒྲུབ་པར་མཛུབ་སྟོན་བྱས་རྗེས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོའི་བྱ་བ་དམ་འཛིན་བྱེད་རྒྱུ་ནི་མིག་སྔར་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། སློབ་སྦྱོང་ཟབ་མོ་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་བློ་རྩ་ཇེ་བརྟན་དུ་གཏོང་བ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ཞིབ་བཤེར་ནན་མོ་བྱེད་པའི་ཁྲོད་སྤྱོད་ཚུལ་ཇེ་བརྟན་དུ་གཏོང་བ་དང་། རང་ཉིད་དང་འགན་འཁྲི། བྱ་བ་དེའི་ཁྲོད་བཅུག་སྟེ། གནད་དོན་ལ་ཞིབ་བཤེར་ཟབ་མོ་དང་གསལ་བོ་བྱེད་པར་ཁག་ཐེག་བྱེད་དགོས། དག་ཐེར་ལེགས་བཅོས་བྱེད་པའི་ཁྲོད་འཕེལ་རྒྱས་ཀྱི་སྤུས་འབྲས་ཇེ་མཐོར་གཏོང་བ་དང་། གནད་དོན་དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དེ་སྤྱོད་ཚུལ་མཐོར་འདེགས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་དགོས། སྒོ་འབྱེད་པའི་ཁྲོད་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། སྒོ་དངོས་སུ་འབྱེད་པ་དང་སྒོ་འབྱེད་ཕོད་པ། སྒོ་འབྱེད་ཤེས་པ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས། མང་ཚོགས་ཀྱིས་སློབ་སྦྱོང་སློབ་གསོའི་ཁྲོད་སྐྱིད་སྣང་སྔར་ལས་མང་པོ་ཚོར་ཐུབ་པར་བྱེད་དགོས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་གཞི་རིམ་གྱི་ཏང་རྩ་འཛུགས་སོ་སོས་ཐེངས་འདིའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ནས། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་ཡུན་རིང་བོར་འཛུགས་པ་གཉིས་ཟུང་འབྲེལ་བྱེད་པ། སྒྲིག་ལུགས་འཛུགས་པར་ཤུགས་སྣོན་པ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཐད་རྨང་གཞི་འདིང་བ་དང་ནུས་ཤུགས་བསྡུ་རྒྱུའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།