ཟླ5པའི་ཚེས14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཝུའུ་ཧན་དུ2025ལོའི་འཛམ་གླིང་གཞི་གྲངས་སློབ་གསོའི་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚེས14ཉིན་གྱི་ཕྱི་དྲོར་ཝུའུ་ཧན་དུ2025ལོའི་འཛམ་གླིང་གཞི་གྲངས་སློབ་གསོའི་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་གཞི་གྲངས་སློབ་གསོ་འཕེལ་རྒྱས་ལ་མཐོང་ཆེན་ཚད་མེད་གནང་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་སློབ་གསོ་གཞི་གྲངས་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་སྦྱོར་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། རྣམ་པ་མི་འདྲ་ཞིང་རིམ་པ་མི་འདྲ་བའི་འཇོན་མིའི་ནུས་པ་འདོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད། ཀྲུང་གོས་མགྱོགས་མྱུར་ངང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ། སློབ་གསོ་གཞི་གྲངས་ཅན་གྱི་ཚུལ་སྒྱུར་དང་རིག་ནུས་ཅན་གྱི་རིམ་སྤོར་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། སྔར་ལས་འདྲ་མཉམ་དང་སྔར་ལས་སྤུས་ཚད་མཐོ་བ། སྔར་ལས་རིག་ནུས་ལྡན་པ་དང་། དམངས་ཡོངས་ཀྱིས་ཚེ་གང་བོར་སློབ་སྦྱོང་བྱེད་པར་ཞབས་འདེགས་ཞུ་བ་བཅས་ཀྱི་དེང་རབས་ཅན་གྱི་གཞི་གྲངས་སློབ་གསོའི་མ་ལག་འཐུས་ཚང་བཙུགས་ནས། སློབ་གསོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས།
ཏེན་ཞུའེ་ཞང་གིས་བསྟན་དོན། གཞི་གྲངས་ལག་རྩལ་དེ་སྔར་བྱུང་མ་མྱོང་བའི་མྱུར་ཚད་དང་ཐབས་ལམ་ལ་བརྟེན་ནས་སློབ་གསོའི་ཁྲོད་འདྲེས་བཞིན་ཡོད་པས། རིག་ནུས་དུས་རབས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩ་དམ་འཛིན་བྱེད་པ་དང་། གཞི་གྲངས་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་བྱེད་པ། གོ་ལ་ཧྲིལ་བོའི་གཞི་གྲངས་གྲོས་ཆིངས་མགྱོགས་མྱུར་ངང་ལག་བསྟར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། ཁོས་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནི་ལག་རྡང་སྦྲེལ་ནས་ཆུ་ཚད་མཐོ་བའི་གཞི་གྲངས་སློབ་གསོའི་རྒྱལ་སྤྱིའི་སྒོ་འབྱེད་མཉམ་ལས་མ་ལག་བསྐྲུན་པ་དང་། རྒྱལ་ཁབ་སོ་སོའི་གཞི་གྲངས་སློབ་གསོའི་འཐབ་ཇུས་དང་སྲིད་ཇུས་ཀྱི་སྦྲེལ་མཐུན་ལ་ཤུགས་སྣོན་པ། ཕྱོགས་ཡོངས་དང་ཁྱབ་ཁོངས་ཧྲིལ་བོ། རིམ་པ་མང་པོ་བཅས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་གཞི་གྲངས་སློབ་གསོའི་མནའ་འབྲེལ་ཁོངས་མིའི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་པ་དང་། གཞི་གྲངས་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས། གཉིས་ནི་ལག་རྡང་སྦྲེལ་ནས་གཞི་གྲངས་ལག་རྩལ་གྱིས་སློབ་གསོ་ཚུལ་སྒྱུར་འགྱུར་ལྡོག་ལ་སྟོབས་ནུས་སྩོལ་བར་སྐུལ་འདེད་གཏོང་བ་དང་། མགོ་ཁུངས་སྒོ་འབྱེད་དང་མཐུན་སྦྱོར་གསར་གཏོད་ཀྱི་གསར་སྤེལ་སྐྱེ་ཁམས་འཐུས་ཚང་དུ་གཏོང་བ། གཞི་གྲངས་སློབ་གསོའི་སྤྱིའི་རང་བཞིན་གྱི་ལག་རྩལ་མཉམ་འབྲེལ་བྱ་བར་ཤུགས་སྣོན་པ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་ཆེད་སྤྱོད་དཔེ་དབྱིབས་ཆེན་མོ་མཉམ་དུ་གསར་སྤེལ་བྱས་ཏེ། དགོས་མཁོ་མི་འདྲ་བ་སྐོང་བའི་གཞི་གྲངས་སློབ་གསོའི་ཞབས་ཞུ་དང་ཐོན་རྫས་མང་པོ་འདོན་སྤྲོད་བྱེད་དགོས། གསུམ་ནི་ལག་རྡང་སྦྲེལ་ནས་གཞི་གྲངས་སློབ་གསོའི་གྲུབ་འབྲས་ཁྱབ་གདལ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་ཆས་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ། གཞི་གྲངས་སློབ་གསོའི་རང་བཞིན་མཐོར་འདེགས་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སློབ་གསོ་གཞི་གྲངས་ཅན་ལ་སྐུལ་འདེད་གཏོང་བར་རོགས་རམ་བྱེད་པ་དང་། ཚན་རྩལ་གྱི་ལེགས་ཆ་རྒྱུན་འཁྱོངས་བྱས་ཏེ། གཞི་གྲངས་སློབ་གསོའི་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། རིག་ནུས་སློབ་གསོའི་ཐོན་རྫས་དང་ཡོ་བྱད། ཞབས་ཞུ་དོ་དམ་བཅས་ལ་ཤུགས་བསྣན་ནས། གཞི་གྲངས་སློབ་གསོ་ཚད་ལྡན་དང་རིམ་ལྡན་སྒོས་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱེད་དགོས།
ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་སློབ་གསོ་དང་ན་གཞོན། ལུས་རྩལ་པུའུ་ཡི་བློན་ཆེན་ཧན་ཁྲུན་ནཱ་ལའོ་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
མགོ་རྩོམ་མཛད་སྒོའི་སྔོན་ལ། ཏེན་ཞུའེ་ཞང་གིས་སློབ་གསོ་གཞི་གྲངས་ཅན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པ་དང་། འགྲེམ་སྟོན་ལ་ཞུགས་པའི་ལས་ཁུངས་ཀྱི་འགན་ཁུར་མི་སྣ་དང་མཉམ་འགུལ་བརྗེ་རེས་བྱས།
2025ལོའི་འཛམ་གླིང་གཞི་གྲངས་སློབ་གསོའི་ཚོགས་ཆེན་གྱིས་རིག་ནུས་དུས་རབས་ཀྱི་སློབ་གསོའི་འཕེལ་རྒྱས་དང་འགྱུར་ལྡོག་ཅེས་པ་བརྗོད་དོན་དུ་བྱས། ཀྲུང་ཕྱིའི་སྲིད་གཞུང་གི་དཔོན་པོ་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་འཐུས་མི་དང་ཆེད་ལས་མཁས་པ་སོགས་མི་དྲུག་བརྒྱ་ལྷག་མགོ་རྩོམ་མཛད་སྒོར་ཞུགས།
ལྷ་མོ་འཚོས་བསྒྱུར།