ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་གཏུག་བཤེར་དུ་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས།
2025.05.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས14ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་སོང་ནས་གཏུག་བཤེར་དུ་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས་པ་དང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ལྷག་བསམ་རྣམ་དག་གིས་འབྲེལ་འདྲིས་བྱེད་པ་དང་། འབད་བརྩོན་ལྷོད་མེད་དང་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས། དམངས་ཀྱི་དཀའ་ཁག་སེལ་བ་དང་ཏང་གི་སེམས་ཁྲལ་ཇེ་ཡང་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཏུག་བཤེར་དུ་ཡོང་བའི་མི་དམངས་སྣེ་ལེན་ཁང་དུ། ལའོ་ཏུང་ཁྲོན་གྱིས་སྔ་རྗེས་སུ་འཕྲིན་བཅར་མང་ཚོགས་སྐོར་གཉིས་སྣེ་ལེན་བྱས་པ་དང་། ཁོ་ཚོའི་ལས་སྐྲུན་མ་དངུལ་ཆད་འགྱངས་བྱས་པ་དང་གནས་སྤོར་སྡེ་བའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་གྱི་འཕྲིན་བཅར་གནད་དོན་སྐོར་གྱི་རེ་ཞུར་ནན་ཏན་གྱིས་ཉན་ནས། ཐག་གཅོད་ཇུས་གཞིར་བསམ་ཚུལ་བརྗེ་རེས་དང་ཞིབ་འཇུག་བྱས་ཤིང་། འབྲེལ་ཡོད་ཕྱོགས་ཀྱིས་དུས་ལྟར་རྗེས་འདེད་དང་དམ་བཅའ་མངོན་འགྱུར་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་ཁྲིམས་སྲོལ་ལྟར་རིགས་འདྲ་བའི་འཕྲིན་བཅར་གྱོད་དོན་ལེགས་པོར་སྒྲུབ་སྟེ། བྱ་བ་བཟང་པོར་སྒྲུབ་པ་དང་དངོས་ཡོད་དོན་དག་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན།

ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། འཕྲིན་བཅར་བྱ་བ་ནི་ཏང་གི་མང་ཚོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་དང་སྲིད་གཞུང་གིས་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། དམངས་ཀྱི་སེམས་ཤུགས་གཅིག་སྒྲིལ་བྱེད་པ་བཅས་ཀྱི་བྱ་བ་གཙོ་བོ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། འཕྲིན་བཅར་བྱ་བའི་སྲོལ་ཡིག་གི་སློབ་སྦྱོང་དྲིལ་སྒྲོག་ལ་ཤུགས་སྣོན་པ། བགྲོད་ལམ་གེགས་མེད་ཡོང་བར་བྱེད་པ་འགག་རྩར་བརྩིས་ནས། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་དེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས། འཕྲིན་བཅར་བྱ་བའི་ཁུངས་སྣེ་གཙོ་བོ་བེད་སྤྱོད་གང་ལེགས་བྱེད་པ་དང་། མང་ཚོགས་ཀྱིས་རེ་བ་འདོན་པའི་བགྲོད་ལམ་གེགས་མེད་ཡོང་བ་དང་རྒྱ་བསྐྱེད་པ། དམངས་ཀྱི་བསམ་ཚུལ་སྡུད་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། ཁྲིམས་སྲོལ་དང་སྲིད་ཇུས་ལྟར་མི་དམངས་མང་ཚོགས་ཀྱི་འཕྲིན་བཅར་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས། འཕྲིན་བཅར་གནད་དོན་གྱི་མགོ་ཁུངས་བཅོས་སྐྱོང་དང་མངོན་གསལ་གནད་དོན་ཐག་གཅོད་ཀྱི་བྱ་བར་གཅིག་འདོམས་བྱས་ཏེ། འཕྲིན་བཅར་གྱི་འགལ་བ་མང་པོ་དེ་གཞི་རིམ་དང་ཐོག་མའི་གནས་བབས་སུ་ཐག་གཅོད་བྱེད་པ་དང་། མི་དམངས་མང་ཚོགས་ལ་སློབ་སྦྱོང་སློབ་གསོའི་སྣང་ཚུལ་གསར་པ་དང་འགྱུར་ལྡོག་གསར་པ་དངོས་སུ་མྱོང་དུ་འཇུག་དགོས།

དེའི་རྗེས་སུ། ལའོ་ཏུང་ཁྲོན་ཞིང་ཆེན་འཕྲིན་བཅར་ཅུའུ་རུ་སོང་ནས་མཚོ་སྔོན་གཞི་གྲངས་རིག་ནུས་ཀྱི་འཕྲིན་བཅར་གཞི་གྲངས་ཆེན་མོ་དབྱེ་ཞིབ་སྟེགས་བུའི་གསར་སྤེལ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། དངོས་ཡོད་དགོས་མཁོར་རྐང་བཙུགས་ནས། མགྱོགས་མྱུར་ངང་ཆ་འཕྲིན་ཅན་གྱི་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་བྱེད་པ་དང་། གཞི་གྲངས་ཕྱོགས་སྡོམ་དང་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་བསྣན་ནས། འཕྲིན་བཅར་གྱོད་དོན་ཐག་གཅོད་པའི་བརྒྱུད་རིམ་ཧྲིལ་བོའི་འགུལ་རྣམ་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་འཕྲིན་བཅར་བྱ་བའི་སྤུས་ནུས་ཧུར་ཐག་གིས་མཐོར་འདེགས་གཏོང་དགོས།

ལིས་ཧོང་ཡཱ་གོང་གི་བྱེད་སྒོར་ཞུགས།

ལྷ་མོ་འཚོས་བསྒྱུར།