ཟླ5ཚེས14ཉིན། 2025ལོའིASCའཛམ་གླིང་སློབ་ཆེན་སློབ་མའི་རིམ་འདས་རྩིས་འཁོར་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་མཇུག་བསྡུ་བའི་བྱེད་སྒོ་མཚོ་སྔོན་སློབ་ཆེན་ནས་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་དང་། ASCའགྲན་སྡུར་སྐུལ་སློང་མཁན། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝང་ཨིན་ཏུང་གཉིས་བྱེད་སྒོར་ཞུགས་ནས་ཤིས་ཚིག་ཕུལ། ཐུའུ་ལིན་བྱ་དགའ་ཐོབ་མཁན། ཨ་མེ་རི་ཁའི་ཐེན་ན་ཞི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཅེ་ཁི་ཐང་ཅ་ལཱ་དང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཆེན་ཏི་ཧྥེ། སྐབས་བཅུ་གཉིས་པའིASCའགྲན་སྡུར་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཅིན་ཀྲུང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་འབྲེལ་ཡོད་ཟི་དང་ཅུའུ་བཅས་ཀྱི་འགན་ཁུར་མི་སྣ་བྱེད་སྒོར་ཞུགས།
ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འཛམ་གླིང་རིམ་འདས་རྩིས་རྒྱག་ཁྱབ་ཁོངས་ནས་ཐོན་པའི་ཆེད་ལས་མཁས་པ་དང་། ན་གཞོན་འཇོན་མི། ལས་རིགས་ཁྲོད་ཀྱི་ཕུལ་བྱུང་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་གི་གུས་འདུད་ཞུས་ཤིང་། བྱ་དགའ་ཐོབ་པའི་དཔུང་ཁག་ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། དེང་སྐབས། ཚན་རྩལ་གསར་བརྗེ་དང་རྒྱལ་ཁབ་ཆེན་མོའི་འགྲན་རྩོད་ཕན་ཚུན་གཅིག་འབྲེལ་དུ་ཆགས་ཤིང་། ན་གཞོན་གྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་གཅིག་འདུས་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། ཉིན་ལྔའི་རིང་གི་རྟིང་རྩོད་འགྲན་སྡུར་ཁྲོད། འགྲན་ཞུགས་དཔུང་ཁག་སོ་སོས་ཚབ་ཨང་སྤྱད་དེ་ཁུ་ནུའི་རྩེ་མོར་འགོས་ཤིང་། རྩིས་ཐབས་ལ་བརྟེན་ནས་ཚེ་སྲོག་གི་གསང་བ་བརྟོལ་ཞིང་། འཇིག་རྟེན་འཕེལ་འགྱུར་ལད་ཟློས་དང་། ནམ་ཟླའི་འགྱུར་ལྡོག་སྔོན་དཔག་བྱས་ལ། སྣེ་མང་གི་མཐོང་ལམ་ལ་བརྟེན་ནས་བློ་གྲོས་ཀྱི་མེ་དཔུང་མཆེད་པར་བྱས་པས། འདི་ནི་རིམ་འདས་རྩིས་རྒྱག་ཁྱབ་ཁོངས་ཀྱི་ལག་རྩལ་འགྲན་སྡུར་ཙམ་མ་ཡིན་པར། རྒྱལ་ཁོངས་བརྒལ་ཞིང་སྐད་རིགས་ལས་བརྒལ་བའི་ཚན་རིག་གི་ཁ་བརྡ་ཐེངས་ཤིག་ཡིན་པར་མ་ཟད། ན་གཞོན་རྣམས་ཀྱིས་ཚན་རྩལ་སྤྱོད་མཁས་དང་གསར་གཏོད་ཀྱི་རེ་འདུན་མཚོན་པའི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཅིག་དང་། མིའི་རིགས་ཀྱི་དཔལ་ཡོན་དེ་འབྱུང་འགྱུར་ཁྱབ་ཁོངས་ལ་ཁ་ཕྱོགས་པའི་དུས་རབས་འདིའི་བསྡུས་གཟུགས་ཤིག་རེད།
ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། རྩིས་ནུས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྗང་མདོག་མཐུན་སྦྱོར་བྱ་བ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལེའུ་གསར་བ་ཞིག་ཡིན། རྟིང་རྩོད་འགྲན་སྡུར་གྱིས་མདོ་དབུས་མཐོ་སྒང་གི་ནམ་ཟླའི་རྩིས་གྲངས་ལད་ཟློས་ཀྱི་འགྲན་སྡུར་བརྗོད་བྱ་འཆར་འགོད་བྱས་པ་ནི་འཛམ་གླིང་གི་ནམ་ཟླའི་གནད་དོན་ཐད་ལ་ཚན་རིག་གི་ལན་འདེབས་སྟངས་ཤིག་ཡིན་ལ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཐུགས་ཁུར་ཟབ་མོ་གནང་བ་མཚོན་ཡོད། འགྲན་ཞུགས་དཔུང་ཁག་གིས་རིམ་འདས་རྩིས་རྒྱག་གི་བློ་གྲོས་ལ་བརྟེན་ནས་ནམ་ཟླའི་གསང་ཨང་གཏོར་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་གནད་དོན་རྟོགས་སེལ་གྱི་ཐབས་ལམ་གསར་བ་འདོན་སྤྲོད་བྱས་ཡོད། མ་འོངས་པའི་ཚན་རྩལ་གསར་གཏོད་ཀྱིས་མུ་མཐུད་དུ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོ་བའི་རིམ་པར་སླེབས་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཆུ་མཛོད་སྔར་ལས་རྒྱས་ཤིང་སྲ་བརྟན་དུ་འགྲོ་བའི་ཡིད་ཆེས་ཡོད། རྩིས་ནུས་དང་དག་གཙང་ནུས་ཁུངས་ཀྱི་ཕྱོགས་གཉིས་མཉམ་སྐྱོད་ནི་གཞི་གྲངས་དུས་རབས་ཀྱི་ཆེས་མཛེས་སྡུག་ལྡན་པའི་ལྗོངས་རིས་གསར་བ་ཞིག་རེད། མིག་སྔར། མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་བཞིན་པ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཤར་གྲངས་ནུབ་རྩིས་འཐབ་ཇུས་ཐད་ལྗང་མདོག་གི་གཞི་རྒྱུ་བསྣན་ཡོད། རླུང་འོད་ལྗང་གློག་དང་རིམ་འདས་རྩིས་རྒྱག་ནུས་པས་གཞི་གྲངས་དཔལ་ཡོན་གྱི་མདུན་ལྗོངས་སྐར་འོད་བཞིན་འོད་སྣང་འཚེར་བར་བྱས་ཏེ། ཚན་རྩལ་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་བགྲོད་ལམ་རྒྱ་ཇེ་ཆེ་ནས་ཇེ་ཆེར་གཏོང་ཐུབ་པའི་ཡིད་ཆེས་ཡོད། ན་གཞོན་དང་མཚོ་སྔོན་བར་གྱི་དུས་རབས་ཀྱི་དུས་བཅད་ནི་གཞི་གྲངས་ཀྱི་སྐྱེ་ཁམས་དཔལ་ཡོན་མཉམ་བསྐྲུན་བྱེད་པའི་སྒུག་ཤུགས་གསར་བ་ཞིག་ཡིན། རབས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག རྒྱ་ཆེའི་ན་གཞོན་རྣམས་ཀྱིས་རྩིས་འཕྲུལ་ཁང་གི་ཆེད་མཁས་པ་བྱེད་དགོས་པར་མ་ཟད། སའི་གོ་ལའི་ཁྱིམ་གཞིས་ཀྱི་ལྗང་མདོག་ལས་རིམ་མཁན་ཞིག་བྱས་ཏེ། རྩིས་ཐབས་དེ་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་སྟེགས་བུར་བེད་སྤྱོད་ཐུབ་པ་དང་། ལྷན་སྐྱེས་ཀྱི་གསར་གཏོད་བསམ་པས་མཐོ་སྒང་གི་གཞི་གྲངས་གཏེར་མཛོད་གསར་འབྱེད་བྱས་ནས། སའི་གོ་ལའི་སྣེ་གསུམ་པར་གཞི་གྲངས་དཔལ་ཡོན་གྱི་འཆར་འགོད་གསར་བ་མཉམ་བསྐྲུན་དང་། ཚན་རིག་ལག་རྩལ་གྱི་རྩེ་རིམ་གསར་བར་དཔའ་ངར་ཆེན་པོས་སླེབས་པར་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལྗང་མདོག་ཚབ་ཨང་དང་། ལང་ཚོའི་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད།
ཝང་ཨིན་ཏུང་གིས་བཤད་རྒྱུར། ASCའགྲན་སྡུར་སྤེལ་བའི་ཚུན་དུ་ཐོག་མཐའ་བར་གསུམ་དུ་ཚན་རྩལ་གྱི་ན་གཞོན་གསར་བ་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མའི་བསམ་འདུན་དང་འོས་འགན་ཞིག་ཏུ་བརྩིས་ཏེ། སློབ་གསོ་དང་། ཚན་རྩལ། འཇོན་མི་བཅས་མཐུན་སྦྱོར་འཕེལ་རྒྱས་དང་ཕན་ཚུན་སྐུལ་འདེད་མཉམ་སྐྱོད་ཐུབ་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཐེངས་འདིའི་རྟིང་རྩོད་འགྲན་སྡུར་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་འོག ཆུ་ཚད་དང་དྲོད་འཁོལ་ལྡན་པར་སྤེལ་ཞིང་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་རྩིས་རྒྱག་དང་ཚན་རིག་ལ་བཅངས་པའི་ངར་ཤུགས་དང་དགའ་ཕྱོགས་རྒྱུན་འཛིན་བྱས་ཏེ། གསར་གཏོད་ཀྱི་བགྲོད་ལམ་སྟེང་ཕུགས་འདུན་རིང་དུ་བཏེགས་ནས་བྱེད་ཕྱོགས་ཡར་ཐོན་གྱི་བྱས་འབྲས་བསྐྲུན་རྒྱུའི་རེ་བ་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།