ཟླ5པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་བའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཏེན་ཞུའེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཟླ5པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་བའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལྟར། མིག་སྔར་གྱི་དཔལ་འབྱོར་གནས་བབ་ངོས་འཛིན་གཏིང་ཟབ་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་རྐང་འཛུགས་ས་དེ་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐོག་བཞག་སྟེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་གནས་བརྟན་བརླིང་རང་བཞིན་དང་ཡུན་རིང་འཚར་ལོངས་རང་བཞིན་གྱིས་རྒྱལ་སྤྱིའི་འཁོར་སྐྱོད་ཀྱི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་ནས། རང་རྒྱལ་གྱི་དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་དང་ལིའུ་ཀའོ་ཀྲུང་། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་དང་ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་གྲོས་ཚོགས་སུ་ཞུགས།
ལིས་ཆང་གིས་བསྟན་དོན། ནང་མཁོ་གཙོ་ཁྲིད་བྱེད་པ་དང་ནང་ཁུལ་དུ་འཁོར་སྐྱོད་བྱེད་ཆོག་པ་ནི་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་ཐུན་མོང་མ་ཡིན་པའི་ཁྱད་སྟོབས་ཞིག་རེད།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་པར་དམིགས་ནས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་བ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་དང་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྒྱལ་ནང་གི་ཁྲོམ་ར་དང་རྒྱལ་སྤྱིའི་ཁྲོམ་ར་ནུས་མཐོའི་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོར་བརྟེན་ནས་རྒྱལ་སྤྱིའི་འཁོར་སྐྱོད་ལ་སྔར་ལས་ལེགས་པའི་སྒོ་ནས་སྣེ་ཁྲིད་བྱེད་དགོས། ད་ལྟའི་དུས་རིམ་གྱི་རང་རྒྱལ་གྱི་འཕེལ་རྒྱས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་བའི་གཙོ་གནད་དེ་ཕྱོགས་བཞིའི་ཐད་ནས་མཚོན་པ་བྱ་དགོས། གཅིག་ནི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནུས་མཐོའི་བཀོད་སྒྲིག་བྱས་ཏེ། ས་གནས་སྲུང་སྐྱོབ་དང་ཁྲོམ་ར་ཁག་བགོས་གནས་ཚུལ་མེད་པར་བཏང་ནས། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། གཉིས་ནི་ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་གྱི་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས། གནད་འགག་གི་ལྟེ་བའི་ལག་རྩལ་དང་མདུན་ཕྱོགས་ཀྱི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ། ཚན་རྩལ་འབྲས་བུ་ཐོན་ལས་ཅན་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐོན་ལས་གསར་པ་དང་འགྲན་ལམ་གསར་པ་སྐོར་ཞིག་གཏོད་དགོས། གསུམ་ནི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་རང་བདག་གིས་འཐུས་ཚང་དུ་བཏང་ནས། ས་གནས་སོ་སོའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་ཆེད་ལས་ཅན་གྱི་ལས་བགོས་དང་ས་ཁུལ་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱུན་མཐུད་སྒོས་ཕྲེང་འབྲེལ་ཁ་གསབ་དང་སྟོབས་ཆེར་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་མཉེན་གཤིས་ཇེ་དྲག་ཏུ་གཏོང་དགོས། བཞི་ནི་འདོན་སྤྲོད་དང་དགོས་མཁོ་གཉིས་དོ་སྙོམས་ཡོང་བ་དང་། འཛད་སྤྱོད་ཀྱི་ཞན་ཆ་མགྱོགས་མྱུར་སྒོས་ཁ་གསབ་བྱེད་པ། དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་དེ་དམངས་ཚིས་ལ་ཕན་པ་ཐོབ་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ཀྱི་རིམ་སྤར་ལ་བརྟེན་ནས་ཐོན་ལས་རིམ་སྤར་ལ་སྣེ་ཁྲིད་བྱེད་པ། སྤུས་ལེགས་ཀྱི་འདོན་སྤྲོད་ལ་བརྟེན་ནས་དགོས་མཁོ་སྔར་ལས་ལེགས་པོར་སྐོང་དགོས།
ལིས་ཆང་གིས་བསྟན་དོན། དཔལ་འབྱོར་འཁོར་སྐྱོད་ལ་ཚོད་འཛིན་བྱེད་པའི་འགག་རྩའི་གནད་དོན་དང་ཞན་ཆར་དམིགས་ཏེ། དཔལ་འབྱོར་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་དུ་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་ལ་གནད་ལ་འཁེལ་ཞིང་ཕན་ནུས་ལྡན་པའི་སྒོ་ནས་རོགས་སྐྱོར་བྱས་ཏེ། དངོས་ཡོད་ཀྱི་དཀའ་ངལ་ལ་རོགས་རམ་དང་ཐག་གཅོད་བྱས་ནས་ཕྱི་ཕྱོགས་ཀྱི་རྡུང་རྡེག་ལ་ཁ་གཏད་ནུས་ལྡན་འཇལ་དགོས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་བརླིང་བྱས་ཏེ། ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར་དང་། མངའ་ཁོངས་སོ་སོ་དང་ཁྱད་པར་དུ་ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་རྒྱ་བསྐྱེད་དེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ཞོར་ལས་པ་སོགས་ཀྱི་ལས་ཞུགས་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱ་དགོས། སྦས་ཤུགས་སྔོན་འདོན་གཏིང་ཟབ་བྱས་ཏེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ཆེ་གྲས་རིམ་སྤར་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ཞབས་ཞུའི་འཛད་སྤྱོད་ཀྱི་སྦས་ཤུགས་སྐུལ་སྤེལ་བྱེད་པ་བཅས་བྱས་ནས། གསར་དར་འཛད་སྤྱོད་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། ནུས་ལྡན་གྱི་དངུལ་གཏོང་རྒྱ་ཆེར་གཏོང་བ་དང་། མ་དངུལ་གྲབས་གསོག་བེད་སྤྱོད་དང་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དམངས་ཁྲོད་ཀྱི་དངུལ་གཏོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ས་གནས་ལ་རྒྱབ་སྐྱོར་བྱས་ཏེ་བཀྲག་ཆེ་ས་སྔར་ལས་མང་པོ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་ཀྱི་གཙོ་གནད་གསོ་སྐྱོང་བྱས་པ་བརྒྱུད། ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ཟོང་རྟགས་ཀྱི་ཁྱད་ཆོས་བསྐྲུན་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ། ཉེན་ཁ་སྣ་ཚོགས་སེལ་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་སྲུང་འཛིན་བྱ་དགོས།
ལིས་ཆང་གིས་ནན་གྱིས་བསྟན་དོན། སྡེ་ཁག་སོ་སོ་དང་ས་ཁུལ་སོ་སོས་འབད་འབུངས་ཡར་བརྩོན་དང་། བཅོས་སྒྱུར་གསར་གཏོད་བྱེད་པ། སྲིད་ཇུས་འཆར་འགོད་ཀྱི་ལག་བསྟར་ཇེ་དྲག་ཏུ་གཏོང་བ། བྱ་བའི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་ཤུལས་ལ་སྐུལ་སྤེལ་གང་ལེགས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཆགས་པ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚོང་དོན་པུའུ། ཀྲའེ་ཅང་ཞིང་ཆེན་སྲིད་གཞུང་། ཅང་ཞི་ཞིང་ཆེན་སྲིད་གཞུང་། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་གྲོས་ཚོགས་སྟེང་གཏམ་བཤད།
ཤ་བོ་རིན་མཚོས་བསྒྱུར།