ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུ་ར་ཀུའེ་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་མུའུ་ཞི་ཁ་སྐུ་གཤེགས་པའི་ཐད་ནས་ཝུ་ར་ཀུའེ་ཡི་སྲིད་འཛིན་ཨའོ་ཨར་ཞི་ལ་མྱ་ངན་གློག་འཕྲིན་བཏང་སྟེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་གདུང་སེམས་ཆེན་པོས་མྱ་ངན་ཞུས་ལ། མུའུ་ཞི་ཁ་ཡི་གཉེན་ཉེ་དང་ཝུ་ར་ཀུའེ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཞབས་མུའུ་ཞི་ཁ་ནི་ཝུ་ར་ཀུའེ་ཡི་མགོ་ཁྲིད་པ་གྲགས་ཅན་ཡིན་ཞིང་། མི་ཚེ་གང་བོར་ཝུ་ར་ཀུའེ་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་འབད་བརྩོན་བྱས་པས་ཝུ་ར་ཀུའེ་མི་དམངས་ཀྱིས་བརྩི་བཀུར་བྱེད་ཀྱིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་སུ་སྙན་གྲགས་ཅུང་ཆེན་པོ་ལྡན། ཁོང་འཚོ་བཞུགས་སྐབས་སུ་དུས་ཡུན་རིང་པོར་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་ལས་དོན་ཐད་བྱས་རྗེས་བཞག་ཡོད། ཁོང་སྐུ་གཤེགས་རྗེས་ཀྲུང་གོ་མི་དམངས་ལ་གྲོགས་པོ་བཟང་པོ་ཞིག་ཇེ་ཉུང་དུ་གྱུར་པ་རེད། ངས་ཀྲུང་གོ་དང་ཝུ་ར་ཀུའེ་ཡི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། སྲིད་འཛིན་ཨའོ་ཨར་ཞི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཝུ་ར་ཀུའེ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཤ་བོ་རིན་མཚོས་བསྒྱུར།