ཟླ5ཚེས19ཉིན། ཀྲུང་གོའི་ཡུལ་སྐོར་ཉིན་མོ་ཐེངས15པ་སླེབས་ལ་ཉེ་བའི་སྐབས་འདིར། 2025ལོའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མགོ་རྩོམ་བྱེད་སྒོ་ཟི་ལིང་དུ་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་ཕུལ་བར་མ་ཟད་རིག་གནས་ཡུལ་སྐོར་དུས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བ་ནི་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་སྐོར་འཕེལ་རྒྱས་ཐད་ཀྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཡིན་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པའི་གསོན་ཉམས་ལྡན་པའི་གཞི་རྟེན་ཡིན། ལུའོ་ཏུང་ཁྲོན་གྱིས་བཤད་རྒྱུར། མཚོ་སྔོན་གྱི་མཛེས་པ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་ངོ་མཚར་བའི་རོལ་དབྱངས་ཤིག་དང་། ཀྲུང་ཧྭའི་དཔལ་ཡོན་ལས་འཁྲུངས་པའི་བཀྲག་མདངས་འཚེར་བའི་མེ་ཏོག་ཅིག ལྗང་མདོག་འཕེལ་རྒྱས་ཀྱིས་འབྲི་བཞིན་པའི་མ་འོངས་པའི་སྙན་རྩོམ་ཅིག་ཡིན། རྒྱལ་སྤྱིའི་མིག་རྒྱང་ལས་མཚོ་སྔོན་གྱི་མཛེས་པ་ཉམས་སུ་མྱངས་ན། མཚོ་སྔོན་ནི་སའི་གོ་ལའི་གླིང་སྣེ་གསུམ་པར་གནས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་ལ། ཨེ་ཤ་ཡ་གླིང་དང་སའི་གོ་ལའི་ཕྱེད་བྱང་མ། ཐ་ན་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཚོར་སྐྱེན་ས་ཁུལ་དང་། འགོ་རྩོམ་ས་གལ་ཆེན་གྱི་གནས་ཤིག་ཡིན་པས། འཛམ་གླིང་སྐྱེ་ཁམས་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་པ་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བཅས་ནི་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཡུལ་སྐོར་པའི་ཡིད་དབང་འགུག་བྱེད་ཀྱི་གནས་མཆོག་ཅིག་ཏུ་གྱུར་ཡོད། རིག་གནས་ཀྱི་མིག་རྒྱང་གིས་མཛེས་པའི་མཚོ་སྔོན་གྱི་བཀོད་པར་མྱོང་རོལ་བྱས་ན། མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་རིང་ཞིང་། ཁུ་ནུ་རིག་གནས་དང་རྨ་ཙོང་རིག་གནས། མཱ་ཅ་ཡའོ་རིག་གནས་བཅས་བཀྲག་མདངས་རྣམ་པར་འཚེ་བཞིན་ཡོད། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དང་། ལམ་གཉིས་ཀྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བཅས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཤིང་། མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན་དང་། མཐོ་སྒང་གི་སྤུས་ལེགས་ཐོན་རྫས། མཚོ་སྔོན་གྱི་འཐེན་ཐུག་སོགས་ཀྱི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཅིང་། རིགས་སོ་སོའི་མང་ཚོགས་སེ་འབྲུའི་རྡོག་པོ་ལྟར་གཅིག་ཏུ་འབྲེལ་ཡོད། འབྱུང་འགྱུར་གྱི་མཐོང་ལམ་ལས་མཛེས་པའི་མཚོ་སྔོན་ཉམས་སུ་རོལ་ན། མཚོ་སྔོན་ཞིང་ཆེན་དེ་ད་ལྟ་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་འཐབ་ཇུས་ཀྱི་གནད་ས་གལ་ཆེན་ཞིག་དང་། ཚྭ་མཚོའི་ཐོན་ཁུངས་ཀྱིས་ཀྲུང་གོའི་ཟས་ཕོར་དམ་པོར་བཟུང་ཞིང་། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཁྲོད་མཚོ་སྔོན་གྱི་ཁག་ཁུར་དང་དུ་བླངས་ཡོད། ལྗང་གློག་དང་ལྗང་མདོག་རྩིས་ནུས་ཀྱིས་རྒྱལ་ཡོངས་ནུས་ཁུངས་ཚུལ་སྒྱུར་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཐད་སྒུལ་ཤུགས་དྲག་པོ་བསྣན་ཡོད་ལ། རི་ཆུའི་མཛེས་ལྗོངས་མི་རྣམས་ཡང་ནས་ཡང་དུ་ཞེན་ཆགས་སར་གྱུར་ཡོད། མཚོ་སྔོན་གྱི་ཉ་དང་། སྐྱེ་ལྡན་འཕང་འབྲས། དབྱར་རྩྭ་དགུན་འབུ། འཁྱག་གྲང་སྔོ་ཚལ་སོགས་ཀྱིས་འཛམ་གླིང་ལ་དག་གཙང་མཐོ་སྒང་གི་སྤུས་ཀ་དག་མ་བརྒྱུད་སྒྲོག་བྱེད་བཞིན་ཡོད། རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་རྣམས་མཛེས་པའི་མཚོ་སྔོན་དུ་ཕེབས་ནས། སྐྱེ་ཁམས་དཔལ་ཡོན་གྱི་ཡུལ་སྐོར་ཐེངས་ཤིག་དང་། རིག་གནས་འབྱུང་ཁུངས་འཚོལ་བའི་ཡུལ་སྐོར་ཐེངས་ཤིག དཔལ་ཡོན་ཡར་འཕེལ་གྱི་ཡུལ་སྐོར་ཐེངས་གཅིག་གི་འགོ་བརྩམས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་གསོལ་སྟོན་ལ་མཉམ་རོལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུ་བཞིན་ཡོད།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲང་ཞའོ་རུང་མགོ་རྩོམ་མཛད་སྒོར་ཞུགས་ཤིང་། ཁྲིན་ཅི་ཝེ་ཡིས་མགོ་འཛིན་བྱས། རིག་གནས་དང་ཡུལ་སྐོར་པུའུ། པེ་ཅིང་། ཅང་སུའུ། ཧྲན་ཏུང་། ཀོང་ཏུང་། ཁྲུང་ཆིང་། ཀན་སུའུ། ཉིང་ཞ། ཞིན་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་སྲིད་གཞུང་དང་རིག་གནས་ཡུལ་སྐོར་སྡེ་ཁག། རྒྱལ་ནང་གི་ཚན་རིག་ཞིབ་འཇུག་སའོ་དང་། ཆེད་མཁས་པ། ལས་རིགས་རྩ་འཛུགས། ཁེ་ལས་ཀྱི་འཐུས་མི་ཁ་ཤས་བྱེད་སྒོར་ཞུགས།
འགོ་རྩོམ་བྱེད་སྒོའི་རྗེས་སུ། ལུའོ་ཏུང་ཁྲོན་གྱིས་སྐུ་མགྲོན་རྣམས་དང་ལྷན་དུ་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པར་མ་ཟད། གདན་ཞུའི་སྐུ་མགྲོན་ཏེ་ཞིན་ཏུང་ཧྥང་སློབ་གསོ་ཚན་རྩལ་སྡེ་ཚོགས་ཀྱི་གསར་འབྱེད་པ། རྐང་འཛིན་དབུ་གཙོ་ཡུས་མེན་ཧུང་དང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་འཐུས་མི་དང་མཉམ་དུ་བཞུགས་མོལ་བརྗེ་རེས་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།