ཀྲའོ་ལི་ཅི་ཡིས་སི་ལོ་ཝ་ཁིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་། 
2025.05.20 ཁུངས། ཀློག་གྲངས། 0

ཟླ5ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་སི་ལོ་ཝ་ཁིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ལའེ་ཞི་ལ་མཇལ་འཕྲད་གནང་། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས19ཉིན་པེ་ཅིང་དུ་སི་ལོ་ཝ་ཁིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ལའེ་ཞི་ལ་མཇལ་འཕྲད་གནང་། 

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཧྥེ་ཙོ་གཉིས་ཀྱིས་ན་ནིང་གི་ཟླ11པར་པེ་ཅིང་དུ་ཀྲུང་གོ་དང་སི་ལོ་ཝ་ཁིའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རིམ་སྤོར་བྱ་རྒྱུ་ཐག་གཅོད་གནང་། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་ཧུར་ཐག་གིས་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་སི་ལོ་ཝ་ཁིའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ལ། སི་ལོ་ཝ་ཁི་ཕྱོགས་ཀྱིས་མུ་མཐུད་དུ་ཡོ་རོབ་མནའ་འབྲེལ་ཁྲོད་དུ་བྱེད་ནུས་ཧུར་ཐག་གིས་འདོན་སྤེལ་བྱས་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་ལོ་ཝ་ཁིའི་རྒྱལ་དམངས་གྲོས་ཁང་དང་མཉམ་དུ་ཁྲིམས་འཛུགས་སྒྲིག་གཞིའི་འགན་ནུས་ནུས་པ་འདོན་སྤེལ་བྱེད་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད། 

ལའེ་ཞི་ཡིས་བསྟན་དོན། སི་ལོ་ཝ་ཁི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་རིག་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ཤུགས་སྣོན་འདོད་ཡོད། སི་ལོ་ཝ་ཁིའི་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས་ནས་སི་ལོ་ཝ་ཁི་དང་ཀྲུང་གོའི་བར་གྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲིན་ཅན་པང་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།