ཟླ5པའི་ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མོ་ཞི་ཁོའི་དམངས་གྲོས་ཁང་གི་གྲོས་དཔོན་ཀུའུ་ཐེ་ལེ་སི་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་བ་དང་། “བཟོ་སྐྲུན་ཆེན་མོ་ལྔ”སྤེལ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་ནས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་བྱས་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི“བཟོ་སྐྲུན་ཆེན་མོ་ལྔ”མཉམ་དུ་ལག་བསྟར་བྱས་ནས། ཀྲུང་གོ་དང་མོ་ཞི་ཁོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱི་མོ་ཞི་ཁོ་དམངས་གྲོས་ཁང་གིས་དུས་ཡུན་རིང་བོར་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་སྟབས་བསྟུན་གྱི་བྱེད་ཐབས་སྤྱད་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཞུགས་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་སྲོལ་རྒྱུན་གྱི་མཉམ་ལས་ཁྱབ་ཁོངས་གཏིང་ཟབ་ཏུ་བཏང་སྟེ། གློག་སྒུལ་རླངས་འཁོར་དང་ནུས་ཁུངས་གསར་པ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། མི་གཞུང་བརྗེ་རེས་ལས་ཤུགས་བསྣན་ནས། སློབ་གསོ་དང་རིག་མཛོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་དྲག་ཏུ་གཏོང་དགོས།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་མོ་ཞི་ཁོ་ཡི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཛའ་བརྩེ་ཡུན་རིང་ཞིང་། ཕྱོགས་གཉིས་བར་བཙུགས་པའི་གྲོས་མོལ་གླེང་སྟེགས་ད་བར་དུ་ཐེངས་ལྔ་ལ་བསྡུས་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མོ་ཞི་ཁོའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གཉིས་བར་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མོ་ཞོ་ཁོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་སོ་སོའི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་མཉམ་ལས་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཀུའུ་ཐི་ལེ་སི་ཡིས་བསྟན་དོན། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གླེང་སྟེགས་གྲོས་ཚོགས་ཀྱི་གྲུབ་འབྲས་ལ་མཉམ་དུ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་ཚན་རྩལ། རིག་གནས། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། མོ་ཞི་ཁོ་ཡིས་རྒྱལ་སྤྱིའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱག་པར་རྒྱབ་སྐྱོར་བྱེད་པ་ལས་བཀའ་རྒྱ་འཛུགས་པ་མིན། མོ་ཞི་ཁོའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་མོ་ཀྲུང་དང་ལ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།
ཤ་བོ་རིན་མཚོས་བསྒྱུར།