ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་དང་གནོད་འགོག་དང་ཉེན་གཡོལ་མི་སྣ་གནས་སྤོ་བྱ་བའི་བརྗེ་རེས་བརྙན་རིས་ཚོགས་འདུ་བསྡུས།
2025.05.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས19ཉིན། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་དང་གནོད་འགོག་ཉེན་གཡོལ་མི་སྣ་གནས་སྤོ་བྱ་བའི་བརྗེ་རེས་བརྙན་རིས་ཚོགས་འདུ་ཟི་ལིང་དུ་བསྡུས་ནས། རྒྱལ་ཡོངས་ཀྱི་ཞོད་འགོག་ཐན་འགོག་བྱ་བའི་བརྙན་རིས་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་དོན་འཁྱོལ་བྱས་པ་དང་། ན་ནིང་གི་བྱ་བའི་གནས་ཚུལ་ཡར་ཞུ་བྱས་ལ། ད་ལོའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ཀྲང་ཅིན་ཀང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་གཞོན་པ་ཚེ་རིང་ཐར་གྱིས་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཞོད་འགོག་ཐན་འགོག་གི་གནས་ཚུལ་ཛ་དྲག་ཡིན་པས། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འགག་སྒོ་སྔ་སྣུར་འབུར་དུ་ཐོན་པར་བྱས་ཏེ། སྔོན་འགོག་གཙོ་བོར་འཛིན་པ་དང་། སྔོན་འགོག་དང་གནོད་སེལ། རྒུད་སྐྱོབ་བཅས་བརྒྱུད་རིམ་ཧྲིལ་བོར་ནུས་པ་བཏོན་ནས། ཞོད་འགོག་ཐན་འགོག་གི་གྲ་སྒྲིག་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་པ་དང་། བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། འགན་འཁྲིའི་ཕྲེང་འབྲེལ་དམ་འཛིན་བྱས་ཏེ། ཞོད་འགོག་ཐན་འགོག་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ཞོད་འགོག་ཐན་འགོག་གི་གྲ་སྒྲིག་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་དང་ལས་རིགས་སྡེ་ཁག་གིས་ཆེད་ལས་གྲལ་བཤེར་བྱས་ནས། ཞིབ་བཤེར་དཔྱད་འཇོག་བྱ་བའི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། བྱ་བའི་སྤུས་ནུས་མཐོར་འདེགས་གཏོང་དགོས། ཉེན་བརྡ་ཚད་ལེན་གྱི་ཡང་དག་པའི་ཚད་ཇེ་མཐོར་གཏོང་བ་དང་། དུས་ཐོག་ཏུ་ཉེན་ཁའི་ཁུལ་ཁོངས་ཀྱི་མི་སྣ་གནས་སྤོ་བྱས་ཏེ། སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་བྱེད་པ། གནས་སྤོ་བྱེད་པ། སྐོར་ཞིབ་བྱེད་པ་སོགས་སྔོན་འགོག་གི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་དགོས། ཤེས་བྱ་དང་རྩལ་ནུས་ཟབ་སྦྱོང་བྱེད་པར་ཤུགས་སྣོན་པ་དང་། གཞི་རིམ་གྱི་ཁ་གཏད་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་བ། གཅིག་འདོམས་མཐུན་སྦྱོར་དང་རྩ་འཛུགས་འགན་སྲུང་ལ་ཤུགས་བསྣན་ནས། ཞོད་འགོག་ཐན་འགོག་བྱ་བའི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏོང་དགོས། བྱ་བའི་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། ལས་རེས་ལས་སྲུང་ནན་མོ་བྱེད་པ། ལྟ་སྐུལ་སྤྱི་འདོམས་ཞིབ་བཤེར་ནན་མོ་བྱས་ཤིང་། བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་འགོག་གནས་བབ་བདེ་འཇགས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།