ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2025.05.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན།    དེ་མིན་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་བྱ་བར་སྔར་ལས་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་བྱ་བ་དང་རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་རམ་ཉིན་མོ་ཐེངས་སོ་ལྔ་པ་ཐོན་ལ་ཉེ་བའི་སྐབས་སུ་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཅིན་དང་གྲོས་མོལ་གནང་སྐབས་དང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་པ་དང་། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་དམངས་གཙོའི་སྒོ་ནས་ཇུས་ཐག་གཅོད་པ། ཁྲིམས་ལྟར་ཇུས་ཐག་གཅོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ཐོན་ལས་ཀྱི་ཁྱབ་ཚུལ་ལ་སྦྲེལ་མཐུད་གང་ལེགས་བྱས་ནས། འཕེལ་རྒྱས་ཀྱི་གཙོ་གནད་གསལ་བར་བྱེད་པ་དང་། མི་འདང་ས་དང་ཞན་ཆ་ཁ་གསབ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་བྱ་བ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུས་ནས། བློ་གཅིག་སེམས་གཅིག་གིས་དབང་བོ་སྐྱོན་ཅན་གྱི་བྱ་བ་བཟང་བོར་སྒྲུབ་པ་དང་། དངོས་ཡོད་གནད་དོན་དང་དཀའ་གནད་ཐག་གཅོད་དགོས། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་རྐང་བཙུགས་ནས་སྐྱེ་ཁམས་དཔལ་ཡོན་དང་། དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས་སོགས་ཁྱད་སྟོབས་ལྡན་པའི་ཁྱབ་ཁོངས་སུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱ་ཆེ་རུ་གཏོང་བ་དང་མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་དེ།  རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་དོན་ཆེན་ལ་ཧུར་ཐག་གིས་ཞབས་འདེགས་ཞུ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞུང་སྒྲུབ་ཐིན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རྒྱུན་འཁྱོངས་ལྔའི”བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ནས།  རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ།    “མགྱོགས་པ་དང་བརྟན་བརླིང་། གཟབ་ནན། གནད་འཁེལ། ཞིབ་ཚགས”བཅས་ཀྱི་བླང་བྱ“ཞབས་ཞུ་གསུམ”གྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་རིམ་པ་སོ་སོར་དོན་འཁྱོལ་བྱེད་པ་དང་།    དངོས་གནས་ཆབ་སྲིད་ཀྱི་འགག་སྒོ་ཇེ་དྲག་ཏུ་བཏང་སྟེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། རང་ངོས་འཛུགས་སྐྱོང་གཟབ་ནན་ངང་དམ་འཛིན་བཟང་བོ་བྱས་ནས། ཆབ་སྲིད་ནུས་པ་དང་ལས་སྒོའི་བྱང་ཚད། བྱ་བའི་སྤྱོད་ཚུལ་བཅས་ཀྱི་ཐད་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་བྱས་ཏེ།    ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་དངོས་སུ་ཕན་འབྲས་ཐོན་པར་བྱེད་དགོས།

གྲོས་ཚོགས་ལས་བློ་མཐུན་ཚའེ་ཆི་ཡིས་ཧི་པེ་ཐང་ཧྲན་དུ་སློབ་སྦྱོང་སློབ་གསོའི་བྱ་བར་ཞིབ་བཤེར་མཛུབ་སྟོན་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།    ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི“སློབ་སྦྱོང་དེ་དོན་དངོས་དང་སྦྲེལ་རྒྱུར་གཙིགས་འཛིན་བྱེད་པ་དང་།  གནད་དོན་བཤེར་འདོན་ཞིབ་ཕྲ་དང་ཟབ་མོ་ཡོང་རྒྱུར་མཐོང་ཆེན་བྱེད་པ། གཅིག་བསྡུས་བཅོས་སྒྲིག་མཐའ་འཁྱོལ་བྱ་རྒྱུར་གཙིགས་འཛིན་བྱེད་པ། མཛུབ་སྟོན་ལྟ་སྐུལ་ལ་ནུས་པ་དང་ཕན་འབྲས་ལྡན་པར་གཙིགས་འཛིན་བྱེད་པ། འགོ་ཁྲིད་ཀྱི་འགན་འཁྲི་ནན་ཁུར་བྱ་རྒྱུར་གཙིགས་འཛིན་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ལ།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་རྒྱུ་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། དོན་དངོས་དང་དམ་པོར་སྦྲེལ་བ་དང་།    རིགས་དབྱེ་མཛུབ་སྟོན་ལ་ཤུགས་བསྣན་ཏེ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་སློབ་གསོ་སློབ་སྦྱོང་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་བྱེད་པ་སོགས་ཀྱི་བྱ་བར་སྦྲེལ་ནས། སློབ་སྦྱོང་སློབ་གསོ་སྔར་ལས་གཏིང་ཟབ་དང་གཟབ་ནན་སྒོས་སྤེལ་བར་ཁྲིད་སྟོན་བྱེད་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་སློབ་སྦྱོང་སློབ་གསོའི་མཛུབ་ཁྲིད་ལྟ་སྐུལ་སློབ་སྟོན་བྱ་བ་སྤེལ་སྐབས། གཟབ་ནན་གཙོར་འཛིན་དང་དངོས་སྒྲུབ་བཙན་འཇུན། གནད་དོན་གྱི་ཁྲིད་ཕྱོགས། སྒྲིག་ཁྲིམས་བརྩི་སྲུང་བཅས་རྒྱུན་འཁྱོངས་བྱས་ཏེ། མཛུབ་ཁྲིད་ལེགས་པོ་དང་ལྟ་སྐུལ་ལ་ནུས་པ་ཡོད་པ། བྱ་བར་ཕན་འབྲས་ལྡན་པ་བཅས་བྱ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛིན་གྱི་འཇོན་ཐང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་སྔར་ལས་མཐོར་འདེགས་བཏང་སྟེ། ལྷག་བསམ་དག་ཅིང་ཁུག་ཁུར་ཆེ་ལ་འཐབ་རྩོད་བྱེད་ཕོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེ་ཧུར་ཐག་གིས་བསྐྲུན་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

ཤ་བོ་རིན་མཚོས་བསྒྱུར།