ཟླ5པའི་ཚེས20ཉིན། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་དགའི་ཚོགས་ཆེན་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཐད་འབུར་དུ་ཐོན་པའི་བྱས་རྗེས་བཞག་པའི་ཚན་རྩལ་ལས་དོན་པ་དང་ཚན་ཞིབ་ཚོགས་པར་གཟེངས་བསྟོད་དང་བྱ་དགའ་གནང་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གསར་གཏོད་སྐུལ་སྤེལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་ཡོང་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་སྐུལ་སློང་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད2024ལོར་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཐད་བྱས་རྗེས་གལ་ཆེན་བཞག་པའི་བྱ་དགའ་ཐོབ་མཁན་ལིས་རུང་ཅེ་ལ་བྱ་དགའི་དཔང་ཡིག་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་གཏམ་བཤད། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ཝང་ལིས་མེན། ཀྲུའུ་ཞང་ཧྥིན་བཅས་ཚོགས་འདུར་ཞུགས། ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་བྱ་དགའ་ཐོབ་པའི་ལས་ཁུངས་དང་མི་སྣར་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་བླ་མེད་གུས་འདུད་ཞུས་ཤིང་། འདས་པའི་ལོ་ངོ་གཅིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱིས་གསར་གཏོད་རྣམ་པའི་ཞིང་ཆེན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བའི་ཐད་ཕན་འབྲས་གསར་བ་བླངས་པར་ཁས་ལེན་གང་ལེགས་བྱས། ཁོས་མིག་སྔའི་མཚོ་སྔོན་ནི་དཔལ་འབྱོར་འཕེལ་སྟངས་བསྒྱུར་བ་དང་འགུལ་ནུས་གསར་རྙིང་འབྲེལ་མཐུད་སྤོ་སྒྱུར་གྱི་འགག་རྩའི་དུས་རིམ་དུ་གནས་ཡོད་པས། ལྟེ་བའི་སྒུལ་ཤུགས་ནི་ཚན་རྩལ་གསར་གཏོད་ཡིན་ལ། ཐོག་མའི་ཐོལ་བརྒལ་བྱེད་ས་དེ་ཡང་ཚན་རྩལ་གསར་གཏོད་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐོ་སྒང་དང་ཐོན་ཁུངས། ནུས་ཁུངས་བཅས་ཀྱི་ཁ་ཕྱོགས་གཙོ་བོར་དམིགས་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པ། མང་ཚོགས་ཀྱི་རེ་འདུན། མ་འོངས་པའི་ཁ་ཕྱོགས་བཅས་ལ་གཞིགས་ནས། གསར་གཏོད་ཀྱི་ནུས་ཁུངས་སྔོག་འདོན་བྱེད་པ་དང་། གསར་གཏོད་ཀྱི་གྲུབ་འབྲས་བླངས་ཏེ། ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་འགྱུར་ཚད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེས་ཆེ་བའི་འཕར་ཚད་དུ་འགྱུར་བར་བྱེད་དགོས་ཞེས་བསྟན།
ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་དར་སྤེལ་གཏོང་བ། མ་འོངས་ཐོན་ལས་ལ་རྒྱང་ལྟའི་བཀོད་སྒྲིག་བྱེད་པ་བཅས་ལ་སྟོབས་ནུས་བསྩལ་ནས། ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་ལ་འབད་པས་བསྒྱུར་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གོ་གནས་གཙོ་བོ་ཇེ་བརྟན་དུ་གཏོང་བ་དང་། ཁེ་ལས་ཀྱི་གསར་གཏོད་ནུས་པ་མཐོར་འདེགས་གཏོང་བ་དང་ཚན་ཞིབ་ཐད་སྟོབས་ཤུགས་ཆེན་པོ་འདོན་པ། མགྱོགས་མྱུར་ངང་འཚར་ལོངས་འབྱུང་བ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་དགོས། སློབ་གསོ་དང་ཚན་རྩལ་འཇོན་མིའི་ལམ་ལུགས་རྐྱེན་སྲོལ་གྱི་གཞི་གཅིག་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཚན་རྩལ་དང་སློབ་གསོ་མཐུན་སྦྱོར་བྱས་ནས་འཇོན་མི་སྐྱེད་སྲིང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རྩལ་འཇོན་མིའི་དཔྱད་འཇོག་སྐུལ་སློང་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ། འཇོན་མི་གསོ་སྐྱོང་གི་བསྡུ་འགུག་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་ཇེ་མཐོར་གཏོང་དགོས། ཚན་རྩལ་གསར་གཏོད་གྲུབ་འབྲས་ཚུལ་སྒྱུར་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལག་རྩལ་ཉོ་ཚོང་ཁྲོམ་རའི་གསོན་ཤུགས་བསྐྱེད་པ། ལག་རྩལ་བརྒྱུད་སྤྲོད་ཞབས་ཞུ་རྒྱ་བསྐྱེད་པ་དང་། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། གྲུབ་འབྲས་ཀྱི་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལེགས་པར་བསྐྱེད་དེ། ཚན་རྩལ་གསར་གཏོད་ཀྱི་བྱ་བའི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། ཚན་རྩལ་གསར་གཏོད་ཕྱོགས་ཡོངས་ནས་གཏིང་ཟབ་དང་གཟབ་ནན་ངང་སྤེལ་དགོས།
ལིའུ་ཁྲའོ་ཡིས་འགོ་འཛིན་བྱས་པར་མ་ཟད་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའི་ཆོད་དོན་སྒྲོག་འདོན་བྱས། བྱ་དགའ་ཐོབ་པའི་འཐུས་མིས་བརྗེ་རེས་ཀྱི་གཏམ་བཤད།
ལྷ་མོ་འཚོས་བསྒྱུར།