ཞི་ཅིན་ཕིང་གིས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་སེལ་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།
2025.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་སེལ་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། དབུལ་ཕོངས་སེལ་རྒྱུ་ནི་འཛམ་གླིང་གི་དཀའ་གནད་ཆེན་པོ་ཞིག་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་དམིགས་འབེན་ཡིན། ཀྲུང་གོས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ཆེན་པོ་བླངས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས2030ལོར་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་སེལ་དམིགས་འབེན་ལོ་བཅུའི་སྔ་སྣུར་བྱས་ཏེ་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སེལ་བགྲོད་ལམ་སྟེང་བསྐྱོད་དེ། མིའི་རིགས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བྲིས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དབུལ་སེལ་གྱི་གནད་དོན་ནི་མཐར་གཏུག་ན་འཕེལ་རྒྱས་ཀྱི་གནད་དོན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཧུར་ཐག་གིས་དབུལ་སེལ་དང་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་སྤེལ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་ཕྱོགས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཕྱོགས་སོ་སོ་དང་མཉམ་དུ་སྲིད་ཇུས་ཀྱི་འབྲེལ་གཏུག་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། དབུལ་སེལ་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་སྔར་ལས་མང་པོར་རོགས་སྐྱོར་བྱས་ཏེ། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དབུལ་སེལ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱས་ནས། ལག་གདང་སྦྲེལ་ནས་དབུལ་ཕོངས་དང་རྒྱང་ཐག་རིང་བ་དང་ཐུན་མོང་དར་རྒྱས་ཀྱི་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས།

ཐེངས་འདིའི་གླེང་སྟེགས་ཉིན་དེར་ཧྲན་ཞི་ཞི་ཨན་དུ་མགོ་བརྩམས་པ་དང་། བརྗོད་དོན་གཙོ་བོ་ནི“མུ་མཐུད་དུ་དབུལ་ཕོངས་ཇེ་ཉུང་དུ་བཏང་སྟེ། མཉམ་ལས་འཕེལ་རྒྱས་གཏོང་དགོས་ཞེས་པ་སྟེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དབུལ་སེལ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས།

ཤ་བོ་རིན་མཚོས་བསྒྱུར།