ཟླ5ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་སྐབས་གཉིས་པ་ཟི་ལིང་དུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་སྐོར་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་དངོས་འབེབས་གཏིང་ཟབ་བྱས་ལ། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་མྱུར་དུ་བསྐྲུན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་ཆེད་རྒྱུན་མཐུད་ཀྱི་སྒུལ་ཤུགས་སྣོན་དགོས་ཞེས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། མགོན་པོ་བཀྲ་ཤིས་ཚོགས་ཆེན་ལ་ཞུགས།
ཝུའུ་ཞའོ་ཅུན་གྱིས་ལོ་གཅིག་རིང་གི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པ་ནི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བསྩལ་བའི་འོས་འགན་གལ་ཆེན་ཞིག་དང་ཆབ་སྲིད་ཀྱི་འགན་འཁྲི་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་བླང་བྱ་ཡིན་པས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལས་དོན་མགྱོགས་མྱུར་སྒོས་ཁ་ཕྱོགས་སྒྱུར་བའི་གནད་འགག་དུས་སྐབས་དང་། ཐོད་བརྒལ་འཚོལ་ཞིབ་ཀྱི་ཚུལ་སྒྱུར་དུས་སྐབས་དང་། རྒྱུན་མཐུད་ཤུགས་འདོན་གྱི་མཐོར་འདེགས་དུས་སྐབས། མཉམ་སྐུལ་མཉམ་སྐྱོད་ཀྱི་འགག་སྒྲོལ་དུས་སྐབས། མཉམ་སྒུལ་འཕེལ་རྒྱས་ཀྱི་མགྱོགས་མྱུར་དུས་སྐབས་བཅས་སུ་གནས་ཡོད་པས། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམ་དུ་དམིགས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོ་སྟོབས་ལྡན་དུ་གཏོང་བར་རྐང་བཙུགས་ཏེ། རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་། བར་སྟོང་བཀོད་པ་དང་། གཞི་རྟེན་འཛུགས་སྐྲུན། ཚད་གཞིའི་མ་ལག་འཛུགས་སྐྲུན་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། ཐོན་ལས་རིམ་སྤོར་གྱི་གནས་བབ་ཆེན་མོ་དང་མཐུན་པར་བྱས་ཏེ། ལྗོངས་ཁུལ་དང་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ནས་དངོས་འབྲས་ཐོན་པར་བྱེད་པ་དང་། ཁྲོམ་རའི་སྒྲིག་བཀོད་སྔར་ལས་ལེགས་སྒྱུར་བྱེད་པ། སྣེ་འདྲེན་ཁེ་ལས་སྐོར་ཞིག་ནང་འདྲེན་དང་གསོ་སྐྱོང་བྱས་ནས། ལྗོངས་ཁུལ་གྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས། ཡུལ་སྐོར་དང་འབྲེལ་བའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་བསམ་གཞིགས་བཅངས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལས་རྣམ་གསར་བ་དང་རྣམ་པ་གསར་བ་བསྐྲུན་ནས། ཡུལ་སྐོར་དེ་གངས་དར། ཁམས་གསོ། རིག་གནས་ཐོན་རྫས་འགྲེམ་སྟོན། ཞིམ་མངར་བཟའ་བཏུང་སོགས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཚོང་རྟགས་ལ་མཐོང་ཆེན་དང་ཚོང་རྟགས་བསྐྲུན་པ། ཚོང་རྟགས་བེད་སྤྱོད་བྱས་ཏེ། ཚོང་རྟགས་ཀྱི་འདུ་ཤེས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། རི་ཆུའི་མགོ་ཁུངས། མཛེས་པའི་མཚོ་སྔོན་ཞེས་པའི་སྙན་གྲགས་མུ་མཐུད་ཇེ་ཆེར་དགོས་དགོས། ཆུ་ཚད་སྔར་ལས་མཐོ་བའི་ཞབས་ཞུ་དང་བདེ་འཇགས་ལ་བརྟེན་ནས། སྟབས་བདེ་ཅན་དང་། ཚད་གཞི་ཅན། མི་གཞུང་ཅན་གྱི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་སྟེ། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་ཞིང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལ་ཕན་ནུས་སྩོལ་དགོས། དུས་མཉམ་དུ། སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ཤིང་། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་བསྐྱེད་དེ། ཡུལ་སྐོར་ལས་དོན་དེ་འདེགས་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་སུ་མྱུར་དུ་གསོ་སྐྱོང་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་གཏིང་ཟབ་བྱེད་དགོས་ཤིང་། སྲོག་ཤིང་རྩ་གནད་དང་། ལག་ལེན་བླང་བྱ་དེ་སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་འདྲེས་པར་བྱེད་དགོས། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཆར་འགོད་སྣེ་ཁྲིད་ལ་ཤུགས་སྣོན་དང་ཚོང་རྟགས་འགྲེམས་སྦྱོར་བྱ་བ་ལེགས་པོར་སྒྲུབ་ནས། ཐོན་ལས་གཅིག་སྡུད་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་གཏོང་བ། ཞིང་ལས་རིག་གནས་ཡུལ་སྐོར་ཚོང་ལས་ཁམས་གསོ་བཅས་འདུས་གྲུབ་མཉམ་སྒུལ་ཐུབ་པར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་སྐུལ་འདེད་ལ་གཅིག་འདོམས་དང་། མཐུན་སྦྱོར་མཉམ་སྒུལ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་སྤེལ་ལ་དོ་སྣང་བྱས་ཏེ། ཡུལ་སྐོར་གྱི་སྤྱི་བའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཕྲེང་འབྲེལ་ཧྲིལ་བོའི་སྒོ་ནས་མཐོར་འདེགས་བཏང་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས།
ཝང་ཝེ་ཏུང་དང་། ཀྲུའུ་ཞང་ཧྥིན། ཝང་ཅིན་ཀྲའེ། ཁྲིན་ཅི་ཝེ་བཅས་ཚོགས་ཆེན་ལ་ཞུགས། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་ཡུལ་དངོས་དང་ཡིག་ཐོག་གི་བརྗེ་རེས་བྱས། ཚོགས་ཆེན་སྔོན་དུ། ཚོགས་ཞུགས་འབྲེལ་ཡོད་བློ་མཐུན་གྱིས་ཟི་ལིང་གྲོང་ཁྱེར་གྱིས་ཉིང་ལྷེ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་ལག་ལེན་དང་གྲུབ་འབྲས་ལ་ལྟ་སྦྱོང་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།