ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཨན་ཧུའེ་དང་ཧི་ནན་དུ་བསྐྱོད་དེ་ལྗང་མདོག་རྩིས་ནུས་དང་ཁུངས་དྲ་གསོག་འཇོག་གཞི་གཅིག་ཅན་གྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས།
2025.05.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཨན་ཧུའེ་ཞིང་ཆེན་དང་ཧི་ནན་ཞིང་ཆེན་དུ་བསྐྱོད་དེ་ལྗང་མདོག་རྩིས་ནུས་དང་ཁུངས་དྲ་གསོག་འཇོག་གཞི་གཅིག་ཅན་གྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་དང་བཅས་པ་སྔ་རྗེས་སུ་ཧི་ཧྥེ་གྲོང་ཁྱེར་ཁྲང་ཧྥིན་རྫོང་ཁུངས་དྲ་གསོག་འཇོག་གཞི་གཅིག་ཅན་གྱི་ལས་གཞི་དང་། ཝུའུ་ཧུའུ་ཐོན་ལས་གསར་གཏོད་ཁང་། ཝུའུ་ཧུའུ་གཞི་གྲངས་ལྟེ་གནས། ཀྲིན་ཀྲོའུ་གྲོང་ཁྱེར་ཀྲུང་མུའུ་རྫོང་ཀྲུང་ཡོན་སོན་ཀུའུ་དང་།    ཝན་ཅང་ཐཱན་མེད་ནུས་ཁུངས་གྲུ་ཁ། འདུས་འགྱུར་ལས་བརྒལ་བའི་གཞི་གྲངས་ལག་རྩལ་ཚད་ཡོད་ཀུང་ཟི། ཀྲུང་གོ་མཁའ་འགྲུལ་ལིས་གློག་ཤུགས་ཚད་ཡོད་ཀུང་ཟི། ཀི་ལིས་གློག་ཆས་ཚད་ཡོད་ཀུང་ཟི། དབྱི་དབྱང་ཀྲུང་ལན་ཐུང་ལིས་རྒྱུ་ཆའི་ཐོན་ལས་གླིང་སོགས་སུ་བསྐྱོད་དེ་རྩིས་ནུས་ཐོན་ལས་འཕེལ་རྒྱས་དང་།    ཁུངས་དྲ་གསོག་འཇོག་གཞི་གཅིག་ཅན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་མ་ཟད།    ས་གནས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བའི་ཉམས་མྱོང་དང་བྱེད་སྟངས་ཐད་གྲོས་བསྡུར་དང་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཨན་ཧུའེ་དང་ཧི་ནན་ཞིང་ཆེན་གཉིས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩིས་ནུས་ཐོན་ལས་དང་ཁུངས་དྲ་གསོག་འཇོག་གཞི་གཅིག་ཅན་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད་གྲུབ་འབྲས་མང་པོ་བླངས་ཡོད།     དེ་དང་ཆབས་ཅིག ཞིང་ཆེན་གཉིས་ཀྱི་དམངས་ཆེན་གྱིས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་བྱ་བའི་ཁྲོད་ཐུན་མིན་གྱི་ཁྱད་ཆོས་མང་བོ་ཡོད་པ་དང་།   བྱ་བ་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པས། མཚོ་སྔོན་དམངས་ཆེན་གྱིས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བ་སྤེལ་རྒྱུར་དཔེ་གཞི་དང་དཔྱད་གཞི་ཡག་པོ་ཞིག་འདོན་སྤྲོད་བྱས་ཡོད།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ང་ཚོས་ཨན་ཧུའེ་དང་ཧི་ནན་དུ་བསླབ་པའི་སྔོན་ཐོན་ཉམས་མྱོང་མཚོ་སྔོན་ལ་ཁྱེར་ཡོང་ནས་སློབ་སྦྱོང་དང་དཔྱད་གཞིར་ནན་ཏན་བྱས་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་པ་དང་།   《ཟི་ལིང་གྲོང་ཁྱེར་ཁུངས་དྲ་གསོག་འཇོག་གཞི་གཅིག་ཅན་གྱི་རྣམ་པ་གསར་པའི་གློག་ཤུགས་མ་ལག་དཔེ་སྟོན་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱས་ནས་སྲོལ་ཡིག་ལ་སྐུལ་འདེད་གཏོང་དགོས》ཞེས་པའི་ཞིབ་བཤེར་ཞབས་ཞུའི་འབྲེལ་ཡོད་བྱ་བ་ལེགས་པར་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་རང་ཞིང་གི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།