ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་མཇུག་བསྒྲིལ།
2025.05.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས21ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་མཇུག་བསྒྲིལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལི་མེན་དང་། དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ལིའུ་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི57གྲོས་ཚོགས་སུ་ཞུགས་ཡོད་ལ། ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ལི་མེན་གྱིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་དང་།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་བཟོ་བཅོས་བྱེད་པར་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཐོག་དང་གློག་གི་གནོད་འཚེ་སྔོན་འགོག་སྲོལ་ཡིག་བཟོ་བཅོས་བྱེད་པར་ཆོག་མཆན་འགོད་པའི་ཆོད་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་བཟོ་སྐྲུན་དོ་དམ་སྲུང་སྐྱོབ་སྲོལ་ཡིག་མེད་པར་བཟོ་བའི་ཐག་གཅོད་ལ་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མོ་ཕྱུགས་སྲུང་སྐྱོབ་དང་འཕེལ་སྐྱེད་སྲོལ་ཡིག་མེད་པར་བཟོ་བའི་ཐག་གཅོད་ལ་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་དྲོད་འདོན་ཚ་སྤྱོད་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་ཡར་སྐུལ་སྲོལ་ཡིག་ལ་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་རྫོང་མཁར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག་བཟོ་བཅོས་བྱེད་པར་ཆོག་མཆན་འགོད་པའི་གྲོས་ཆོད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་གི་གཉེན་སྒྲིག་ལོ་ཚོད་ཀྱི་བབ་བསྟུན་གཏན་འབེབས་ལག་བསྟར་བྱེད་པར་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་འབྲེལ་ཡོད་མི་དོན་དོན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་གསར་དུ་བསྐོ་འཇོག་བྱས་པའི་ལས་བྱེད་མི་སྣར་བསྐོ་འཇོག་ཡི་གེ་སྤྲད།

གྲོས་ཚོགས་ལས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ།

ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙི་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་གྲོལ་རྗེས། ཡུལ་དངོས་སུ་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དམངས་དོན་ཁྲིམས་གཞུང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་འཆད་ཁྲིད་ཐེངས་བཅུ་པ་སྤེལ།

རིག་འཛིན་སྒྲོལ་མས་བསྒྱུར།