ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གདན་ཞུའི་ཡི་གེ་བྱིན་པ་མ་ཟད་གཏམ་བཤད་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་སྔར་ལས་ལེགས་པོ་བྱས་ནས། འགོ་རྩོམ་ས་མཐོ་བ་དང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གི་འགོ་གཙོ། རིག་གནས་དང་ཡུལ་སྐོར་པུའུ་གཞི་གྲངས་ལྟེ་གནས་ཀྱི་ཀྲུའུ་རིན། ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏའེ་པེན་གྱིས་གཙོ་དོན་གཏམ་བཤད་བྱས། ཆེད་མཁས་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཧོས་དང་ལིས་ཞིན་ཅན། ཀྲུང་ལིན་ཧྲིན། མཱ་ཧུང་པོ། ཀྲང་ཡུས་ཅུན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་པ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་བའི་འགན་འཁྲི་གལ་ཆེན་རེད། གནས་བབ་གསར་པ་དང་འགན་འཁྲི་གསར་པར་ཁ་གཏད་དེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྔར་ལས་ལེགས་པར་བསྐྲུན་ནས། སྐྱེ་ཁམས་ནི་གཞི་རྩ་ཡིན་པས་སྲུང་སྐྱོབ་དང་བཅོས་སྐྱོང་གཙོར་འཛིན་དགོས། གནད་ཆེ་བ་དམ་འཛིན་དང་གནད་མི་ཆེ་བ་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཆར་འགོད་སྣེ་ཁྲིད་དང་ཞུགས་འཐུས་ལྟ་འདོམས། སྲུང་སྐྱོབ་སླར་གསོ། སྐྱེ་ཁམས་སློབ་གསོ་བཅས་ལ་ཤུགས་བསྣན་ཏེ། སྲུང་སྐྱོབ་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྲུང་སྐྱོབ་དང་ཡུལ་སྐོར་ཟུང་འབྲེལ་བྱེད་པའི་ལམ་སྲོལ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས། གཅུན་འདོམས་དྲག་པོར་བརྟེན་ནས་རྒྱུན་མཐུད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། “རྒྱལ་སྤྱི་ཅན་དུ་འགྱུར་བ”ནི་རེ་སྙེག་ཞིག་ཡིན་པས་རྒྱུ་སྤུས་མཐོར་འདེགས་གཙོར་འཛིན་དགོས། འཛམ་གླིང་གི་རྩེ་གྲར་སོན་པའི་ཞབས་ཞུ་དང་། དོ་དམ། ལག་རྩལ། ཐོན་རྫས། ལས་རིམ། ཉམས་ལེན་བཅས་ལ་དཔེ་བལྟས་ཏེ། རྒྱལ་སྤྱི་ཅན་གྱི་ཚད་ལྡན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐོ་རིམ་ཅན་གྱི་ངེས་གནས་དང་། ཚད་ལྡན་ཅན་གྱི་མཐོར་འདེགས། གྲངས་རིག་ཅན་གྱི་ནུས་སྤྲོད་བཅས་འབུར་དུ་ཐོན་པར་བྱས་ཤིང་། ཡུལ་སྐོར་སྐོར་ལམ་ཆེན་པོའི་སྤུས་འདེགས་རིམ་སྤོར་ལ་ཡར་སྐུལ་བྱས་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་མ་ལག་ཧུར་ཐག་གིས་བསྐྲུན་དགོས། “དམིགས་ས”ནི་ཁ་ཕྱོགས་ཡིན་པས་མཉམ་འདྲེས་གསར་གཏོད་གཙོར་འཛིན་དགོས། ཡུལ་སྐོར་རྒྱ་བསྐྱེད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་མྱུར་དུ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྔར་ལས་འགུག་ཤུགས་ལྡན་པ་དང་སྔར་ལས་ཉམས་ལེན་གྱི་ཚོར་བ་ཟབ་པའི་དམིགས་ས་བསྐྲུན་དགོས། ལམ་ལུགས་རྐྱེན་སྲོལ་ནི་འགན་སྲུང་ཡིན་པས་མཉམ་འཛུགས་མཉམ་སྤྱོད་གཙོར་འཛིན་དགོས། གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། པུའུ་དང་ཞིང་ཆེན་གྱིས་མཉམ་འཛུགས་ཟབ་མོ་བྱེད་པ། དམངས་ཕན་འབུར་དུ་ཐོན་པར་བྱེད་པ། རིག་ནུས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་ཡུལ་སྐོར་གྱི་གནས་བབ་ཆེན་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
ཁྲིན་ཅི་ཝེ་ཡིས་འགོ་འཛིན་བྱས།
ཤ་བོ་རིན་མཚོས་བསྒྱུར།