ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོ་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཚན་རིག་དང་མཐུན་པའི་ཇུས་ཆོད་དང་དམངས་ཚིས་ཇུས་ཆོད། ཁྲིམས་ལྟར་ཇུས་ཆོད་བཅས་རྒྱུན་འཁྱོངས་བྱས་ཏེ། འཆར་འགོད་སྒྲིག་བཟོ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་གསུངས། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོ་བྱ་བར་དྲ་ལམ་ནས་བསམ་འཆར་བསྡུ་ལེན་བྱེད་པའི་ལས་སྒོ་སྤེལ།
ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་དྲ་ལམ་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་དེ་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱི་ཁོངས་གཏོགས་གཞུང་ཕྱོགས་དྲ་བ་དང་། གསར་འགྱུར་མགྲོན་སྣེ། དེ་བཞིན་“རྒྱལ་ཁབ་སྟོབས་ལྡན་ལ་སློབ་སྦྱོང་བྱེད་པའི”སློབ་སྦྱོང་སྟེགས་བུ་བཅས་ཀྱི་སྟེང་དུ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་སྐོར་ནས་བསམ་འཆར་བསྡུ་ལེན་བྱེད་པའི་ཆེད་བསྒྲིགས་ལེ་ཚན་གཉེར་ནས། རྒྱ་ཆེའི་དྲ་དམངས་འབྲེལ་ཡོད་དྲ་ངོས་སུ་ཞུགས་ནས་བསམ་འཆར་དང་ཐབས་ཇུས་བཏོན་ཆོག་པར་བྱས། དྲ་ལམ་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོའི་དུས་ཡུན་ཟླ་ངོ་གཅིག་ཡིན་པ་དང་། འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་ཕྱོགས་བསྡུས་ལེགས་སྒྲིག་བྱས་རྗེས་ཀྲུང་དབྱང་གི་ཐབས་ཇུས་དཔྱད་གཞིར་མཁོ་འདོན་བྱ་རྒྱུ་རེད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད། སྔར་སོང་རྒྱུན་འཛིན་དང་འབྱུང་འགྱུར་གྱི་ཆ་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན་པར་བརྟེན། ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཆར་འགོད་ཡག་པོ་བཟོ་དགོས། མིག་སྔར། ཏང་ཀྲུང་དབྱང་གིས་རྩ་འཛུགས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་གྲོས་འགོ་གཏན་འབེབས་བྱེད་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།