ཟླ5པའི་ཚེས17ཉིན་ནས་ཚེས20ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཞིན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་ལ་ཡོང་བ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་པར་དམིགས་ནས་ཆེད་དོན་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁྲིན་ཅི་ཝེ་ཡིས་འགོ་འཛིན་བྱས།
མཚོ་སྔོན་དུ་སྡོད་སྐབས། རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ལ་སོང་ནས། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་ལྔའི་སྨན་བཅོས་ལས་ཁུངས་སུ་རྟོག་ཞིབ་བྱས་པ་དང་། སྨན་བཅོས་མི་སྣ་དང་ནད་བརྟག་མང་ཚོགས། རིམ་པ་སོ་སོའི་ལས་བྱེད་པ་བཅས་དང་མཉམ་དུ་བརྗེ་རེས་བྱས། རྟོག་ཞིབ་ཚན་ཆུང་གིས་གཅིག་གྱུར་གྱིས་བལྟས་ན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་རྩ་བའི་གཞི་འཛིན་སར་བརྩིས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ལ། གཞི་རིམ་གཙོ་གནད་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཤིང་། ཚགས་དམ་པའི་གྲོང་ཁྱེར་གྱི་སྨན་བཅོས་སྡེ་ཚོགས་དང་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པར་སྐུལ་འདེད་གཏོང་བ་དེ་གཙོ་གནད་དུ་བརྩིས་ནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱི་ཡོངས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་བ་དང་། གཞི་རིམ་གྱི་ནད་འགོག་ནད་བཅོས་དང་བདེ་ཐང་དོ་དམ་ནུས་པ་ཇེ་ཆེར་གཏོང་བ་དང་མཐོ་སྒང་གསོ་རིག་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་བའི་ཁྲོད་གྲུབ་འབྲས་ལེགས་པོ་བླངས་ཡོད་པར་འདོད།
རྟོག་ཞིབ་ཚན་ཆུང་གིས་བལྟས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་ཕན་བདེར་དམིགས་པ་དེ་འགོ་རྩོམ་སར་བརྩིས་ནས། རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ་དང་། གཞི་རིམ་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཚགས་དམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་དེ་བྱེད་ཐབས་གཙོ་བོར་བརྩིས་ནས། ནུས་ཤུགས་ཡོད་རྒུས་སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་བསྐྱོད་པ་དང་བྱ་བའི་གཙོ་གནད་གཞི་རིམ་ལ་ཕྱོགས་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་འགན་བཅོལ་དང་རིན་གོང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། འགྲོ་སོང་རྩིས་ཞུའི་བསྡུར་ཚད་དང་རིན་སྤྲོད་ཐབས་ལེགས་སྒྱུར་བྱས་ཏེ། རྒྱུན་མཐོང་ནད་རིགས་དང་ཕོག་སླའི་ནད་རིགས། དལ་བའི་ནད་བཅས་གསོ་བཅོས་དུས་སྐབས་ཀྱི་ནད་པ་གཞི་རིམ་དུ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་དགོས། མི་ཐབས་རིག་ནུས་གྱིས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་རྣམ་པ་གསར་པ་བསྐྲུན་པ་དང་། AIཡི་སྨན་བཅོས་རོགས་སྐྱོར་མ་ལག་ལེགས་སྒྱུར་དང་རིག་ནུས་བདེ་ཐང་གི་ཚད་ལེན་དྲ་རྒྱ་འཛུགས་པ། སྨན་བཅོས་གཞི་གྲངས་རིག་ནུས་དབྱེ་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གཞི་རིམ་སྨན་བཅོས་ཐོན་ཁུངས་འདོན་སྤྲོད་ཀྱི་འགག་གནས་ལས་བརྒལ་དགོས་པར་འདོད།
མགོན་པོ་བཀྲ་ཤིས་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་སྐབས། ཐོག་མར་རྒྱལ་ཡོངས་སྲིད་གྲོས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ཕན་བདེར་སྔར་ལས་འགན་སྲུང་ལེགས་པོ་བྱས་ཡོད། ཞིང་ཆེན་སྲིད་གྲོས་ཀྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་འཕེལ་རྒྱས་དེ་འགན་སྒྲུབ་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་བརྩིས་ནས། གྲོས་གཞི་འདོན་པ་དང་ཚོགས་ཆེན་སྟེང་གཏམ་བཤད་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་སོགས་བརྒྱུད་དེ་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཅིག་སྡུད་བྱས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་དཀའ་གནད་གཙོ་གནད་ལ་དམིགས་ནས་རྟོག་ཞིབ་ཟབ་མོ་དང་གྲོས་མོལ་སྲིད་གླེང་བྱས་ཏེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།
ཝང་ཀྲིན་ཁྲང་དང་། ཀྲང་ཞའོ་རུང་། ལིའུ་ཏ་ཡའེ་བཅས་སོ་སོ་འབྲེལ་ཡོད་བྱེད་སྒོར་ཞུགས།
ལྷ་མོ་འཚོས་བསྒྱུར།