ཟླ5པའི་ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་ཚན་ཆུང་གི་ཟབ་སྦྱོང་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་ཚན་གྱི་ཀྲུའུ་རིན་ཀྲའོ་ཡུའེ་ཞཱ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་འདུ་ལས་བསྟན་དོན། ཞིང་ཆེན་ཏང་ཨུས་བྱ་བ་ལེགས་པོར་མ་བསྒྲུབས་པ་དང་གནད་དོན་གཙོ་བོ་འབུར་དུ་ཐོན་པའི་ས་གནས་དང་ལས་ཁུངས་དགུ་ལ་ལྟ་སྐུལ་ཚན་ཆུང་བཞི་མངགས་རྒྱུ་དང་། ཁུལ་དང་གྲོང་ཁྱེར། རྫོང་བཅས་སོ་སོ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱིས་དེར་བསྟུན་གྱི་རྟོག་ཞིབ་ཚན་ཆུང་མངགས་རྒྱུ་རེད། དེའི་དམིགས་ཡུལ་ནི་ལྟ་སྐུལ་ནན་མོ་བྱས་ནས་དངོས་སུ་མཛུབ་སྟོན་བྱེད་པ་དང་། དྲི་བར་ལན་འདེབས་པ་བརྒྱུད་དེ། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྤྱོད་ཚུལ་བསྒྱུར་བ་དང་སྤྱོད་ཚུལ་གསར་པ་འཛུགས་པའི་སྣང་ཚུལ་གསར་པ་དང་འགྱུར་ལྡོག་གསར་པ་ཚོར་དུ་འཇུག་པའི་ཆེད་རེད། འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོན་པོས་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་སྤྱི་འདོམས་བྱེད་པ་དང་། བྱ་བའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྟོབས་ཤུགས་གཅིག་སྡུད་སྒོས་འབུར་ཐོན་གནད་དོན་ཐག་བཅད་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ལྟ་སྐུལ་ཚན་ཆུང་གིས་འགན་འཁྲི་རྟོགས་པར་བྱེད་པ་དང་ཁག་ཁུར་འགན་སྒྲུབ་བྱེད་པ། རྒྱུན་རྣམ་སློབ་སྦྱོང་དང་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པར་སྐུལ་འདེད་གཏོང་བ། གཙོ་གནད་ལ་དམིགས་ནས་ཡང་དག་སྒོས་གནད་དོན་འཚོལ་བར་ལྟ་སྐུལ་བྱེད་པ། ལེགས་སྒྲིག་ལེགས་བཅོས་དང་དཀའ་གནད་ཐག་གཅོད་པར་སྐུལ་འདེད་གཏོང་བ། སྒོ་འབྱེད་སློབ་གསོ་དང་ལྟ་སྐུལ་དང་ལེན་བྱེད་པར་སྐུལ་འདེད་གཏོང་བ། ལུགས་སྲོལ་འཛུགས་པ་དང་ཞན་ཆ་གསབ་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་སྤྱི་འདོམས་ཀྱི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་པའི་སྤུས་ཀའི་ཐད་མངོན་པར་བྱེད་པ་དང་། ཟ་འཐུང་གི་སྤྱོད་ཚུལ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་སྐྱེལ་བ། ཁག་ཁུར་འགན་སྒྲུབ་མི་བྱེད་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ལེགས་བཅོས་བྱེད་པ་དང་། སྤྱོད་ངན་བཞིའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ། བྱེད་ཐབས་ནན་མོ་བཏོན་ནས་གྱོད་དཔེ་དང་ཐེར་འདོན་སོགས་དམ་འཛིན་བྱེད་པ་དང་། ལྟ་སྐུལ་བྱེད་ཡུལ་གྱི་ས་གནས་དང་ལས་ཁུངས་ཀྱིས་སློབ་སྦྱོང་བྱེད་པར་སྤུས་ཀ་ཡོད་པ་དང་། ཞིབ་བཤེར་ལ་ནུས་ཤུགས་ཡོད་པ། སྒྱུར་བཅོས་ལ་ཕན་འབྲས་ལྡན་པར་ཁག་ཐེག་བྱེད་དགོས། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མཐུན་སྒྲིལ་མཉམ་ལས་བྱེད་པ། རང་གཅུན་ནན་མོ་རྒྱུན་འཁྱོངས་བྱེད་པ། རང་ནུས་ཇེ་ཆེར་གཏོང་བའི་རང་རྟོགས་གསལ་བོ་ཡོད་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལྟ་སྐུལ་བྱ་བའི་སྤུས་ཀ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།