

ཟླ5ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིང་དུ2025ལོའི་འཛམ་གླིང་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཟླ5ཚེས22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིང་དུ2025ལོའི་འཛམ་གླིང་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་དྲ་རྒྱ་དང་གཞི་གྲངས་ཆེན་མོ། མི་ཐབས་རིག་ནུས། དངོས་གཞིའི་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་བ་འདོན་སྤྲོད་བྱེད་དགོས་ཞེས་བསྟན། མིག་སྔར། རེས་སྐོར་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཏིང་ཟབ་ཏུ་འཕེལ་བཞིན་ཡོད་པ་དང་། གཞི་གྲངས་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་མཚོན་བྱེད་དུ་གྱུར་བའི་ཐོན་ལས་གསར་བ་དང་ལག་རྩལ་གསར་བ་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པས། འཛམ་གླིང་ཉོ་ཚོང་དང་དངུལ་གཏོང་རྣམ་པར་འགྱུར་ལྡོག་གཏོང་བཞིན་ཡོད་ལ། དེ་ལས་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་དང་མདུན་ལྗོངས་ཡངས་པོ་མངོན་ཡོད། གཞི་གྲངས་དང་རིག་ནུས་དུས་རབས་སླེབས་ལ་ཉེ་བའི་དེང་གི་དུས་འདིར། ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་བསྐྱོད་བྱེད་པ་དང་། འཛམ་གླིང་ཉོ་ཚོང་དང་དངུལ་གཏོང་འཕོ་འགྱུར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཐུན་མོང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཧན་ཀྲིན་གྱིས་བསྟན་དོན། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་གསར་པ་མཉམ་དུ་དམ་འཛིན་བྱེད་པ་དང་། གཞི་གྲངས་དང་རིག་ནུས་ལག་རྩལ་གསར་གཏོད་བཀོལ་སྤྱོད་ཀྱི་ཁྱབ་ཚད་དང་གཏིང་ཚད་རྒྱ་སྐྱེད་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས། གཞི་གྲངས་དང་རིག་ནུས་དུས་རབས་ཀྱི་སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་ཀུན་ཕན་རྒྱུན་འཁྱོངས་བྱེད་པ། གཞི་གྲངས་ཀྱི་ཁྱད་པར་དང་རིག་ནུས་ཀྱི་ཁྱད་པར་ཧུར་ཐག་གིས་ཁ་གསབ་བྱས་ཏེ། རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ལ་སྔར་ལས་ཆ་རྐྱེན་བཟང་བོ་བསྐྲུན་དགོས། འཛམ་གླིང་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་བརྟན་པོའི་ངང་ཤར་གཏོང་ཐུབ་པར་མཉམ་དུ་སྲུང་སྐྱོང་བྱས་ནས། གཞི་གྲངས་དང་རིག་ནུས་ལག་རྩལ་གྱིས་སྟོབས་ནུས་སྩོལ་བར་བརྟེན་ནས། གོང་འོག་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་ལ་སྔར་ལས་མཉེན་ཆ་ལྡན་པ་དང་། སྔར་ལས་ལས་ཆོད་ཆེ་བ། སྔར་ལས་གསོན་ཤུགས་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོས་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་མཁན་གཙོ་བོ་དང་བརྟན་བརླིང་གི་རྨང་གཞི་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོའི་ཁེ་ལས་ལ་གོ་སྐབས་ཆེན་པོ་འདོན་སྤྲོད་བྱས་ཡོད། ཀྲུང་གོ་དང་ལག་རྡང་སྦྲེལ་བ་ནི་གོ་སྐབས་དང་མཉམ་དུ་བསྐྱོད་པ་དང་མཚུངས།
འཛམ་གླིང་ཉོ་ཚོང་དངུལ་གཏོང་སྐུལ་སྤེལ་རྩེ་ཚོགས་དེ་ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། བསྟུད་མར་སྐབས་བཞི་ལ་སྤེལ། ཐེངས་འདིའི་རྩེ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་གཞི་གྲངས་དང་རིག་ནུས་དུས་རབས་བསུས་ཏེ། ལག་གདང་སྦྲེལ་ནས་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་ཅེས་པ་དེ་ཡིན་ལ། ཕྱི་རྒྱལ་གྱི་སྲིད་གཞུང་སྡེ་ཁག་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་གྱི་ཚོང་པའི་མཐུན་ཚོགས། འཛམ་གླིང་ཉོ་ཚོང་སྐུལ་སྤེལ་ལས་ཁུངས་ཀྱི་འགན་ཁུར་བ་བཅས་དང་དེ་མིན་ཀྲུང་ཕྱིའི་ཁེ་ལས་ཀྱི་འཐུས་མི800ལྷག་ཚོགས་འདུར་ཞུགས།