ཟླ5པའི་ཚེས22ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ལས་ཁུངས་ཏང་ཙུའུ་ཡི་ཁོངས་མི་ཧུའུ་ཧིན་ལུའུ་གདན་འདྲེན་ཞུས་ནས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར”དམིགས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པ་དང་། མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས།
ཧུའུ་ཧིན་ལུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་ཕུལ་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། གཞུང་ལུགས་ཀྱི་ཞིབ་འཇུག་དང་བྱ་བའི་ལག་ལེན་ཟུང་འབྲེལ་བྱས་ནས་བརྒྱུད་རིམ་ལྡན་པའི་ཟུར་ཁྲིད་བྱས་པ་དེ་ནི་དབང་ཟིལ་དང་གསོན་ཉམས་ལྡན་པའི་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་མཛུབ་ཁྲིད་སློབ་ཁྲིད་ཞིག་རེད།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གཏམ་བཤད་ཁྲོད་བསྟན་དོན། ད་ལོ་ནི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ། ཆབ་སྲིད་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་སྲིད་གྲོས་བྱ་བའི་གཙོ་གནད་དུ་འཛིན་པ། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱི་འབྲེལ་ཟམ་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཁག་སོ་སོའི་ཚོགས་སྤྱི་དང་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་མཐུན་སྒྲིལ་མཉམ་ལས་དང་བསམ་བློ་ཡར་ཐོན། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མང་མང་ཚོགས་ཀྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ལ། མི་སེམས་སྔར་ལས་དམ་པོར་སྦྲེལ་བ་དང་ངོས་འཛིན་གཅིག་མཐུན་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་པ། དེ་མིན་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་སྤྱིའི་དམིགས་འབེན་དང་། མི་དམངས་སྲིད་གྲོས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། སྲིད་གྲོས་ཨུ་ཡོན་གཞི་རིམ་དང་ཁེ་ལས། ལས་གཞི་བཅས་ཀྱི་ལས་ཡུལ་དང་པོར་བསྐྱོད་ནས་རྟོག་ཞིབ་དང་་། གྲོས་མོལ། སྲིད་གླེང་བཅས་ཀྱི་བྱ་འགུལ་རྩ་འཛུགས་ལེགས་པོ་བྱས་ཏེ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས། དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱས་ནས། སྲིད་གྲོས་ཨུ་ཡོན་གྱི་སྲིད་གྲོས་བྱ་བའི་ཁྲོད་ཀྱི་ནུས་པ་གཙོ་བོ་དང་། ལས་རིགས་སོ་སོའི་མང་ཚོགས་ཁྲོད་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་སྣ་མང་དང་གནད་འཁེལ་སྦྲེལ་མཐུད་བྱེད་པ་དང་། དམངས་ཚིས་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་བྱེད་ཐབས་དངོས་དང་བསམ་འཆར་བཏོན་ནས། དམངས་ཀྱི་ཆེད་དུ་གྲོས་མོལ་དང་། གྲོས་འདོན། ལྟ་སྐུལ། འགན་སྒྲུབ་བཅས་དངོས་གནས་ལག་བསྟར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་ཁོངས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་སྡོད་པའི་ཞིང་ཆེན་གྱི་དོ་དམ་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་ཁུར་བློ་མཐུན། མཚོ་སྔོན་ཟི་ལིང་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་གྱི་འཐུས་མི། ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།