ཞི་ཅིན་ཕིང་གིས་ཧྥ་རན་སིའི་སྲིད་འཛིན་དང་ཁ་པར་གྲོས་མོལ་གནང་།
2025.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུ་ལྟར་ཧྥ་རན་སིའི་སྲིད་འཛིན་མ་ཁི་ལུང་དང་ཁ་པར་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ་ལྔ་བར་ངས་ཧྥ་རན་སིར་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱིས་རང་བཙན་རང་བདག་དང་ཕན་ཚུན་རྒྱུས་ལོན། མཐོང་རྒྱ་ཆེ་བ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཧྥ་རན་སིའི་ཕྱི་འབྲེལ་གྱི་སྙིང་སྟོབས་དར་སྤེལ་བཏང་བ་མ་ཟད། དུས་རབས་ཀྱི་དོན་སྙིང་གསར་པ་སྩོལ་བར་གཅིག་མཐུན་གྱི་འཐད་པ་བྱུང་ཡོད། དེའི་རྗེས་སུ། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ཐད་སླར་ཡང་གྲུབ་འབྲས་མང་པོ་བླངས་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་དགོས། གོ་སྐབས་དམ་འཛིན་བྱེད་པ་དང་། དངུལ་གཏོང་དང་མཁའ་འགྲུལ་མཁའ་སྐྱོད། ཉིང་ནུས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། གཞི་གྲངས་དང་ལྗང་མདོག སྐྱེ་དངོས་སྨན་རྫས། སྐྲ་དཀར་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། མི་གཞུང་བརྗེ་རེས་སྐུལ་སྤེལ་བྱས་ནས། མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་ལོ་ཡིན། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་རང་བཙན་རང་བདག་གི་རྒྱལ་ཁབ་ཆེན་པོ་ཡིན་ལ། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གསར་སྐྲུན་བྱེད་མཁན་དང་འཛུགས་སྐྲུན་བྱེད་མཁན་ཡང་ཡིན་པས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་གོ་གནས་ལ་མཉམ་དུ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་དང་འཛམ་གླིང་གི་དཔལ་འབྱོར་སྒྲིག་སྲོལ་སྲུང་སྐྱོང་བྱས་ནས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་དགོས། རྒྱལ་སྤྱིའི་གནས་བབ་ཇི་ལྟར་རྙོག་འཛིང་ཆེ་ན་ཀྲུང་ཧྥ་གཉིས་ཀྱིས་དེ་ལྟར་ཡང་དག་པའི་འཐབ་ཇུས་ཀྱི་གདམ་ག་བྱས་ཏེ། མཉམ་དུ་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་གི་བློ་གཏད་ཆོག་པའི་སྟོབས་ཤུགས་དང་། འཛམ་གླིང་གི་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྒོ་འབྱེད་སྟོབས་ཤུགས། ཕྱོགས་མང་མཉམ་ལས་ལ་སྣེ་ཁྲིད་པའི་ཡར་ཐོན་སྟོབས་ཤུགས་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་གླིང་ནི་སྣེ་མང་འཛམ་གླིང་གི་སྒེར་ཚུགས་ཀྱི་སྣེ་གཅིག་ལ་བརྩིས་ནས། ཡོ་རོབ་མནའ་འབྲེལ་གྱིས་འཐབ་ཇུས་ཀྱི་རང་བདག་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་།  རྒྱལ་སྤྱིའི་བྱ་གཞག་ཁྲོད་སྔར་ལས་ལྷག་པའི་ནུས་པ་གལ་ཆེན་བཏོན་ཏེ།  ཡོ་རོབ་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་།  ཕྱོགས་གཉིས་ཀར་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་ཕན་པའི་གྲུབ་འབྲས་ལེན་འདོད་ཡོད།

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོ  ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཧ་ཅང་གལ་ཆེ་བས་འཛམ་གླིང་རང་བཞིན་གྱི་དོན་སྙིང་ལྡན་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པའི་ལངས་ཕྱོགས་ལ་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཧྥ་རན་སི་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་གདོང་གཏོད་དུས། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་ནས། གནད་དོན་གཙོ་བོ་རིམ་སྤོར་དང་ཕྱི་ཕྱོགས་སུ་ཁྱབ་པར་སྔོན་འགོག་བྱེད་ལ། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཡོ་རོབ་གླིང་དང་ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་འདྲིས་དང་གླེང་མོལ་བྱས་ཏེ། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་། ཕ་ལེ་སི་ཐཱན་དང་དབྱི་སི་རལ་གྱི་འགལ་བ། དབྱི་ལང་གི་ཉིང་རྡུལ་སོགས་ཐུན་མོང་གིས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།