ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས།
2025.05.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་བསྡུས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ75འཁོར་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བརྩིས་ཏེ། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། ཧུར་ཐག་གིས་ཆེས་རྒྱ་ཁྱབ་ཀྱི་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་གྲུབ་པར་བྱེད་པ་དང་། ཆེས་གཏིང་ཟབ་པའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ།  སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་གཅིག་སྡུད་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བའི་རིང་གི་བྱ་བ་གཙོ་བོའི་གནས་ཚུལ་ཁྱབ་བསྒྲགས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་གྲོས་ཚོགས་སུ་ཞུགས་ལ། ཀྲང་ཅིན་ཀང་གིས་འགོ་འཛིན་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ལོ་ངོ70ཡི་རིང་དུ། ཞིང་ཆེན་སྲིད་གྲོས་ཀྱིས་དར་ཆ་མཐོན་པོར་སྒྲེང་བ་དང་། སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཁྱོན་ཡོངས་ལ་ཞབས་ཞུ་དང་འཕེལ་རྒྱས་ལ་རོགས་འདེགས། སྐྱིད་སྡུག་མཉམ་མྱོང་།  མཐུན་སྒྲིལ་འབད་འཐབ་བྱས་ཤིང་། རྩ་དོན་ལག་བསྟར་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་འབད་བརྩོན་མདུན་སྐྱོད་བཅས་བྱས་ནས། རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་ཆེན། དམངས་ཀྱི་འདོད་བློ་བཅས་དམིགས་སུ་བཟུང་སྟེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་དང་བཅོས་སྒྱུར་བརྟན་བརླིང་དུ་གཏོང་ཆེད་བྱས་རྗེས་གལ་ཆེན་འཇོག་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མིག་སྔར། མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། མཚོ་སྔོན་གྱི་བྱ་བར་གནང་བའི་བླང་བྱ་གལ་ཆེན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་ཤིང་། དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྲིད་གླེང་གྲོས་འདོན་བྱེད་པར་དམ་པོར་དམིགས་ཏེ། ཆུ་ཚད་མཐོ་བའི་འགན་སྒྲུབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།    གྲོས་མོལ་དམངས་གཙོས་དགེ་མཚན་སྔར་ལས་མངོན་པ་དང་།    ནུས་ཕྱོད་སྔར་ལས་ཆེ་བ་འདོན་སྤེལ་བྱས་ནས།    སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཡུལ་ཁོངས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་མཉམ་དུ་ཡག་པོར་འབྲི་དགོས།

ཝུའུ་ཞའོ་ཅུན་གྱིས་རིམ་པ་སོ་སོའི་ཏང་ཨུས་སྲིད་གྲོས་བྱ་བའི་འགོ་ཁྲིད་ལ་དངོས་སུ་ཤུགས་བསྣན་ཏེ། ཏང་ཨུས་མཐོང་ཆེན་དང་སྲིད་གཞུང་གིས་རྒྱབ་སྐྱོར། སྤྱི་ཚོགས་ཡོངས་ཀྱིས་སྲིད་གྲོས་བྱ་བར་སེམས་ཁུར་བྱེད་པའི་རྣམ་པ་བཟང་པོ་ཆགས་སུ་འཇུག་དགོས། རིམ་པ་སོ་སོའི་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱེད་པ་དང་། སློབ་སྦྱོང་སློབ་གསོ་བྱེད་ཐབས་སུ་བྱས་ཏེ། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་སྣ་ཚོགས་ལ་སྐུལ་འདེད་བཏང་ནས། ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ་དང་ཐབས་ཇུས་བཀོད་སྒྲིག་མི་དམངས་སྲིད་གྲོས་སུ་ལག་བསྟར་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་ཁྱབ་བསྒྲགས་བྱེད་སྐབས་བསྟན་དོན། མཚོ་སྔོན་གྱི་སྲིད་གྲོས་ཏང་ལ་བརྟེན་ནས་བྱུང་ཞིང་། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་ཆེད་དུ་བཙུགས་པ་ཡིན་ལ། ལོ་ངོ70རིང་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བློ་སེམས་གཅིག་མཐུན་དང་། ཁ་ཕྱོགས་གཅིག་མཐུན། སྦྱོར་བ་གཅིག་མཐུན་བྱས་ཤིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། གཅིག་སྡུད་བཞིའི་བྱ་བ་ནན་ཏན་གྱིས་ལེགས་པོར་བསྒྲུབས། སྐྱོད་ལམ་གསར་པའི་སྟེང་། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་དགོས་ཤིང་། ཆབ་སྲིད་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་སྲོལ་རྒྱུན་ལེགས་པོ་དར་སྤེལ་གཏོང་བ། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཆེད་ནུས་ཤུགས་ཆེན་པོ་འབུལ་དགོས།

ཚོགས་ཐོག་ཏུ། དམངས་གཙོ་ཏང་ཁག་དང་། སྡེ་ཁག ས་གནས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་སྔོན་དུ། ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་བཙུགས་ནས་ལོ70འཁོར་བའི་ཡིག་རིས་དང་པར་རིས་འགྲེམ་སྟོན་ལ་བལྟས།

ཤ་བོ་རིན་མཚོས་བསྒྱུར།