ཟླ5པའི་ཚེས22ཉིན། ནུབ་རྒྱུད་གསར་བ་དང་བཟོ་སྐྲུན་གསར་བ། ཞབས་ཞུ་གསར་བ་བརྗོད་དོན་དུ་བྱས་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སྐབས་བདུན་པ་ཁྲུང་ཆིན་ནས་ཚོགས་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་འཐུས་ཚབ་ཚོགས་པ་ཁྲིད་དེ་འགོ་རྩོམ་མཛད་སྒོ་དང་ལས་གཞི་གལ་ཆེན་གྱི་གྲོས་མཐུན་འགོད་པའི་མཛད་སྒོ་སོགས་བྱ་འགུལ་ལ་ཞུགས་པ་མ་ཟད། མཚོ་སྔོན་དང་ཁྲུང་ཆིན་གྱི་ཁེ་ལས་པའི་འཐུས་ཚབ་སྐོར་ཞིག་དང་བཞུགས་མོལ་བྱས། ཁྲུང་ཆིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཧུའུ་ཧིན་ཧྭ་ཡིས་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།
ཧུའུ་ཧིན་ཧྭ་དང་གྲོས་མོལ་བྱེད་སྐབས། ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁྲུང་ཆིན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་མདུན་བསྐྱོད་བྱེད་བཞིན་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། ལྗང་མདོག་རྩིས་ནུས་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད། མཚོ་སྔོན་དང་ཁྲུང་ཆིན་ས་ཆ་གཉིས་ཀྱི་ཆུ་འགོ་གཅིག་ཡིན་པ་དང་འགན་འཁྲི་གཅིག་འབྲེལ་བྱས་ཡོད་ལ། ཕྱོགས་གཉིས་ཀྱིས་སྐྱེ་ཁམས་བདེ་འཇགས་འགོག་ར་དང་སྐམ་མཚོའི་བགྲོད་ལམ་གསར་བ་འཛུགས་སྐྲུན། ཐོན་ལས་མཉམ་ལས། ཐོན་ཁུངས་ནུས་ཁུངས་གསར་སྤེལ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས། རིག་གནས་སློབ་གསོ་དང་སྐྱེ་ཁམས་གནས་སྐོར་སོགས་ཕྱོགས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། མཚོ་སྔོན་དང་ཁྲུང་ཆིན་གྱི་མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་རྒྱུའི་རེ་བ་བཅངས་ཡོད།
ཧུའུ་ཧིན་ཧྭ་ཡིས་ཁྲུང་ཆིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་ལུའོ་ཏུང་ཁྲོན་གྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཁྲུང་ཆིན་དུ་ཚོགས་འདུར་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། མིག་སྔར། ཁྲུང་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ངེས་གནས་ཆེན་པོ་གཉིས་བཟང་བོར་བསྒྲུབ་པ་དང་ནུས་པ་གསུམ་འདོན་སྤེལ་བྱེད་པར་དམིགས་ནས། སྟོབས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གོམ་སྟབས་གསར་བ་བསྒྱུར་བར་སྐུལ་འདེད་གཏོང་བཞིན་ཡོད། ཕྱོགས་གཉིས་ཀྱིས་བརྗེ་རེས་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་། མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་དེ། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་བ་གྲུབ་པར་བྱེད་པའི་ཁྲོད་ཁག་ཁུར་གསར་བ་མངོན་རྒྱུའི་རེ་བ་བཅངས་ཡོད།
བྱ་འགུལ་སྐབས་སུ། ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་དང་ཁྲུང་ཆིན་གྱི་ཁེ་ལས་པ་སྐོར་ཞིག་དང་བཞུགས་མོལ་བརྗེ་རེས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་པས། ཁེ་ལས་པ་སོ་སོས་བློ་བརྟན་འགྱུར་མེད་ཀྱིས་མཚོ་སྔོན་ལ་དངུལ་གཏོང་བ་དང་མཚོ་སྔོན་དུ་ལས་སྐྲུན་བྱེད་པ། མཚོ་སྔོན་དུ་གཞིས་བཅས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད། དག་གཙང་ནུས་ཁུངས། སྐྱེ་ཁམས་གནས་སྐོར། ལྗང་མདོག་ཞིང་ཕྱུགས། རྩིས་གློག་མཉམ་ལས་སོགས་ཁྱབ་ཁོངས་ནས་གོ་སྐབས་དམ་འཛིན་བྱེད་པ་དང་དེའི་ཁྲོད་ཟབ་ཞུགས་བྱེད་པ། མཉམ་སྤྱོད་མཉམ་རྒྱལ་བྱེད་དགོས། མཚོ་སྔོན་གྱིས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གསར་སྐྲུན་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་ནས། ཚོང་རའི་གསོན་ཤུགས་ཆེར་བསྐྱེད་པ་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན།
ཁྲུང་ཆིན་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ལྟེ་གནས་མཚོ་སྔོན་འགྲེམ་ཁང་དུ། ལུའོ་ཏུང་ཁྲོན་གྱིས་རང་ཞིང་གི་ཁེ་ལས་འགྲེམ་སྟོན་ལ་ཞུགས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཚང་མས་མཚོ་སྔོན་གྱི་སྣང་བརྙན་འགྲེམ་སྟོན་བྱེད་པ་དང་རབ་མཛེས་མཚོ་སྔོན་ངོ་སྤྲོད་བཟང་བོ་བྱེད་རྒྱུའི་སྐུལ་མ་བཏང་།
ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་དང་ཁྲུང་ཆིན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཅང་ཀའོ་ཅེ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།