ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་སྒོ་སྤེལ།
2025.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས23ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནགས་ཚལ་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནགས་ཚལ་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ལས་དོན་གྱི་བླང་བྱ་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་གྱི་ཁྲིམས་འཛིན་ཞིབ་བཤེར་ཇུས་གཞིར་བརྡ་ཁྱབ་བཏང་བ་ལས་གཞན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་སོགས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་མགོ་བརྩམས་པར་བཀོད་སྒྲིག་བྱས།

ཞིབ་བཤེར་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་འཐབ་ཇུས་དམིགས་འབེན་ལ་དམ་པོར་དམིགས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བཟུང་ནས། ནགས་ཚལ་བཅའ་ཁྲིམས་ལག་བསྟར་ནུས་ལྡན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། ཕན་འབྲས་ཆེན་པོ་ཐོབ་ཡོད་ཅེས་བསྟན།

ཞིབ་བཤེར་ཚན་ཆུང་གིས་ནགས་ཚལ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ནུས་ལྡན་ངང་ལག་བསྟར་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ནགས་ཚལ་ཐོན་ཁུངས་ལ་གསོ་སྐྱོང་ཡག་པོ་དང་སྲུང་སྐྱོང་ལེགས་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གི་གནས་ཚུལ་དང་། ས་གནས་སྲིད་གཞུང་གི་ཁྲིམས་གཏན་འཁེལ་གྱི་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ། བཅའ་ཁྲིམས་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ། དེ་བཞིན་ཉེ་བའི་ལོ་འདི་དག་གི་རིང་ལ། རང་རེ་ཞིང་ཆེན་གྱི་ནགས་ཚལ་དང་འབྲེལ་བ་ཡོད་པའི་ཚུར་ལན་གནད་དོན་བཅོས་སྒྲིག་དོན་འཁྱོལ་གྱི་གནས་ཚུལ་སོགས་ཞིབ་བཤེར་གྱི་གཙོ་གནད་ཁོང་དུ་ཆུད་པར་བྱས་ཏེ། ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་ཁྲིམས་འཛིན་ཞིབ་བཤེར་བྱེད་དགོས། ཁྲིམས་འཛིན་ཞིབ་བཤེར་ལས་དོན་དངོས་སྤེལ་བའི་ཁྲོད་དུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་དུ་མ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ལག་བསྟར་བྱེད་ཐབས་བཅས་དོན་འཁྱོལ་ནན་མོ་བྱས་ཏེ། སྒྲིག་ཁྲིམས་སྒྲིག་སྲོལ་ལ་བརྩི་སྲུང་ནན་མོ་བྱས་ནས། ཁྲིམས་འཛིན་ཞིབ་བཤེར་ལ་ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་ཚན་ཆུང་གིས་ཟླ5པ་ནས་ཟླ7པའི་བར་དུ། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལབཅས་སུ་ཡུལ་དངོས་ནས་ཞིབ་བཤེར་བྱ་རྒྱུ་ཡིན་ལ། དུས་མཚུངས་སུ། གྲོང་ཁྱེར་དང་ཁུལ་གཞན་དག་གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྲིད་འཛིན་ཁུལ་དེ་གའི་ཁྱབ་ཁོངས་སུ། ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་བྱས། “ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་ལྗང་མདོག་ཁྱིམ་གཞིས་མཉམ་དུ་འཛུགས་རྒྱུ”བརྗོད་དོན་ཡིན་པའི། “གཙང་པོའི་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་ཀྱི་འགྲུལ་བཞུད”ཅེས་པའི་བྱེད་སྒོ་སྐབས་སུམ་ཅུ་པ་དུས་མཉམ་དུ་སྤེལ་རྒྱུ་རེད།


བན་དེ་སྐྱབས་ཀྱིས་བསྒྱུར།