ཟླ5པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཐུའུ་ཁུའུ་མན་སི་ཐན་གྱི་གྲོས་དཔོན་ཀུའུ་ཨར་མཱ་ནའོ་ཝ་ལ་མཇལ་འཕྲད་གནང་། ཧན་ཀྲིན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཞེ་ཨར་ཏ་ཨར.པེ་ཨར་ཏི་མུའུ་ཧ་མའེ་ཏའོ་ཧྥུའུ་ཡི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་བར་གྱི་འབྲེལ་བ་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་མཐོར་འདེགས་བཏང་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བའི་ངོས་ཐད་ནས་ལས་སྐལ་གཅིག་མཐུན་ཚོགས་པ་ལག་བསྟར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཕན་ཚུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས། རང་བྱུང་སོལ་རླངས་དང་གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ནུས་ཁུངས་གསར་པ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། མི་གཞུང་རིག་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཀུའུ་ཨར་མཱ་ནའོ་ཝ་ཡིས་བསྟན་དོན། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་མཛའ་བརྩེ་ཟབ་མོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཁྲིམས་འཛུགས་དང་ཁོར་ཡུག་སྲུང་སྐྱོབ། མི་གཞུང་རིག་གནས། དཔལ་འབྱོར་ཉོ་ཚོང་། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་འབྱུང་འདོད་ཡོད་ཅེས་བསྟན།