ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཚི་དང་ཁ་པར་གྲོས་མོལ་གནང་།
2025.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་འཇར་མན་གྱི་ཙུང་ལི་མའོ་ཚི་དང་ཁ་པར་གྲོས་མོལ་མཛད།    ཞི་ཅིན་ཕིང་གིས་ཡང་བསྐྱར་མའོ་ཚི་ཡིས་འཇར་མན་གྱི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  དེང་སྐབས་འཛམ་གླིང་འདི་ཉིད་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་འཕྲད་ཡོད་པ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས།  ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་སྔར་ལས་མངོན་གསལ་ཡིན། སྐྱོན་བྲལ་བརྟན་ལྷིང་གི་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ལ།  ཀྲུང་གོ་དང་ཡོ་རོབ་གླིང་གི་ལས་རིགས་སོ་སོའི་རེ་སྒུག་དང་ཡང་མཐུན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ལེའུ་གསར་པ་བཏོད་དེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་གསར་པ་འགྲོ་རྒྱུར་སྣེ་ཁྲིད་ནས། འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་འཕར་པར་བྱས་རྗེས་གསར་པ་འཇོག་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག  མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བཞིན་ཡོད། སྲོལ་རྒྱུན་བཟང་པོ་དེ་ཕྱོགས་གཉིས་ཀྱིས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་གཏོང་དགོས་ཏེ། གཅིག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོས་འཇར་མན་གྲོགས་པོར་བརྩིས་ནས།  འཇར་མན་གྱི་དར་རྒྱས་གོང་འཕེལ་མཐོང་འདོད་ཡོད་ལ། འཇར་མན་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་བྱས་ཏེ།  ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད། གཉིས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་མཉེན་ཆ་ཆེ་རུ་གཏོང་དགོས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རླངས་འཁོར་དང་། འཕྲུལ་ཆས་བཟོ་སྐྲུན། རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་བསགས་འབོར་ཆེ་རུ་གཏོང་དགོས་པ་དང་། མི་ཐབས་རིག་ནུས་དང་ཚད་རྡུལ་ལག་རྩལ་སོགས་སྔོན་སྐྱོད་ཁྱབ་ཁོངས་ཀྱི་མཉམ་ལས་འཕར་ཚད་ཀྱང་ཆེ་རུ་གཏོང་དགོས། གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས།  འཛམ་གླིང་གི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཐད་ཀྲུང་གོ་དང་འཇར་མན་གྱི་བློ་གྲོས་དང་ཇུས་གཞི་འདོན་དགོས། གསུམ་ནས་མཉམ་ལས་ཀྱི་སྒུལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་ལ། འཇར་མན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་དངུལ་གཏོང་མཉམ་ལས་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྟབས་བདེ་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས།  ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་པའི་རེ་བ་བཅངས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་མན། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་ངེས་གནས་ཡང་དག་པ་ནི་གྲོགས་པོ་ཡིན་ལ། གཏན་འཇགས་དང་སྔོན་དཔག་ཐུབ་པའི་སྲིད་ཇུས་ཀྱི་ཁོར་ཡུག་ནི་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱིའགན་སྲུང་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཆེན་པོའི་ཁག་ཁུར་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་ལས་འགན་ཡིན་པ་དོན་དངོས་ལས་ར་སྤྲོད་བྱས་ཡོད།  ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་ཀྲུང་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་མཉམ་དུ་ཕྱོགས་སྡོམ་བྱས་ཏེ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པ།  སྒོ་འབྱེད་གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པ་བཅས་ཀྱི་བརྡ་རྟགས་གཏོང་དགོས།

མའོ་ཚི་ཡིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེས་གལ་ཆེན་གྲས་ཀྱི་གཅིག་ཡིན། འཇར་མན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཀྱི་རྣམ་པ་ལེགས་ཤིང་མཉམ་ལས་གཏིང་ཟབ་པ་དང་།  གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག   འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོ་གཉིས་ཡིན་པའི་ཆ་ནས། འཇར་མན་དང་ཀྲུང་གོའི་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན། འཇར་མན་གྱི་སྲིད་གཞུང་གསར་པས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། འཛུགས་སྐྲུན་རང་བཞིན་དང་དངོས་གཉེར་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། སྒོ་འབྱེད་གཉིས་ཕན་རྒྱུན་འཁྱོངས་དང་།  དྲང་གཞག་ཉོ་ཚོང་ལ་སྐུལ་འདེད། འཛམ་གླིང་ཞི་བདེ་ལ་སྲུང་སྐྱོང་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པའི་རེ་བ་བྱེད་ཀྱིན་ཡོད། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུ་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འཚམ་པས། འཇར་མན་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།  ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་བསམ་འཆར་བརྗེ་རེས་བྱས།