ཟླ5པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། 《བཟོ་སྐྲུན་ལས་རིགས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་འགུལ་སྐྱོད་ཀྱི2025ལོ་ནས2027ལོའི་བར་གྱི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན》ལ་གྲོས་བསྡུར་བྱས།
གྲོས་ཚོགས་ལས་བསྟན་དོན། བཟོ་སྐྲུན་ལས་རིགས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པས། ལྗང་མདོག་ཚན་རྩལ་གསར་གཏོད་དང་སྔོན་ཐོན་ལྗང་མདོག་ལག་རྩལ་ཁྱབ་གདལ་དང་ཉེར་སྤྱོད་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། རྣམ་པ་གསར་བའི་བཟོ་ལས་ཅན་གྱི་ལྗང་མདོག་གཞི་གདན་ཇེ་དྲག་ཏུ་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ཀྱི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་སོགས་ཀྱི་སྲིད་ཇུས་ལག་བསྟར་དང་ཟུང་འབྲེལ་བྱེད་དགོས། ཧུར་ཐག་གིས་སྔོན་ཐོན་གྱི་སྒྲིག་ཆས་དང་བཟོ་རྩལ་བེད་སྤྱོད་བྱས་ནས། གཙོ་གནད་ལས་རིགས་ཀྱི་ལྗང་མདོག་ཚུར་སྒྱུར་རིམ་སྤོར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། གསར་དར་ཐོན་ལས་ཀྱི་མགོ་རྩོམ་ས་མཐོ་བའི་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། དག་གཙང་ནུས་ཁུངས་དང་ལྗང་མདོག་ཐོན་རྫས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཐུན་མོང་རང་བཞིན་གྱི་ལག་རྩལ་མཁྲེགས་གཏོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཚད་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་སྲིད་ཇུས་ལེགས་བསྒྱུར་བཅས་བྱས་ནས། ལྗང་མདོག་བཟོ་སྐྲུན་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་ཚུར་སྒྱུར་རིམ་སྤོར་ལ་སྔར་ལས་ལེགས་པའི་སྒོ་ནས་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། མ་རྩ་མཉམ་འཁུར་དང་ཕན་འབྲས་མཉམ་སྤྱོད། མཉམ་ལས་མཉམ་བཅོས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཛུགས་རྒྱུ་དེ་ནི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་ས་ཁོངས་བར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བཤད་ན་ནདོན་སྙིང་གལ་ཆེན་ལྡན། ཁྱབ་རྒྱ་སྔར་ལས་ཡངས་པ་དང་འགན་དབང་སྔར་ལས་གསལ་བ། བྱེད་སྟངས་སྔར་ལས་མང་བ། བཅོས་སྐྱོང་སྔར་ལས་ཆོད་ཆེ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས། གཙོ་གནད་ལས་འགན་དང་དོན་འཁྱོལ་བྱེད་ཐབས་སྔར་ལས་ཞིབ་ཚགས་སུ་བཏང་ནས། སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་བྱ་ཡུལ་དང་ཕན་འདོགས་ཡུལ་གྱི་མཉམ་འགུལ་བཟང་པོ་མངོན་འགྱུར་ཡོང་བར་བྱེད་དགོས། གཙང་པོ་དང་ཆུ་བོ་ཆེན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁ་གསབ་ཁྱབ་ཁོངས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་། རླུང་ཁམས་ཆེན་མོ་སོགས་སྐྱེ་ཁམས་ཁོར་ཡུག་གི་གཞི་རྒྱུ་གཞན་དག་གི་ཁ་གསབ་བྱེད་སྟངས་འཚོལ་ཞིབ་གང་ཐུབ་བྱེད་དགོས། བྱ་དགའ་དང་ཆད་གཅོད་མངོན་གསལ་ཅན་གྱི་ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། “སུས་འབག་བཙོག་བཟོས་ན་དེས་བཅོས་སྐྱོང་བྱེད་པ་དང་སུས་སྲུང་སྐྱོབ་བྱས་ན་དེར་ཁེ་ཕན་ཐོབ་པའི”བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྐུལ་ལྕག་དང་ཚོད་འཛིན་གྱི་སྲིད་ཇུས་ཞིབ་འཇུག་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་སྔར་ལས་མང་བོ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་པར་ཚུར་འགུགས་བྱེད་དགོས།
གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན》དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འཁེལ་བྱས། གྲོས་ཚོགས་ལས་ཟས་རིགས་བདེ་འཇགས་དེ་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད། འཕྲལ་མར་སྤྱོད་པའི་རྩ་དོན་ལྟར་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་འཐུས་ཚང་དུ་གཏོང་བ་དང་། སྔར་ལས་ཚན་རིག་དང་མཐུན་ཞིང་གཟབ་ནན་ཡིན་པའི་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་ལྷག་པར་དུ་བཙན་ཤེད་རང་བཞིན་གྱི་ཚད་གཞིའི་མ་ལག་འཛུགས་དགོས། ཟས་རིགས་བདེ་འཇགས་བཅོས་སྐྱོང་རྣམ་པ་དེ་སྔོན་འགོག་བྱེད་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། འབྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་གཙོ་གནད་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ། རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར་ནན་མོ་བཅས་བྱེད་དགོས། གཙོ་གནད་ཁྱབ་ཁོངས་འབུར་ཐོན་སྒོས་ཆེད་དོན་བཅོས་སྐྱོང་བྱེད་པ་དང་། ལྟ་སྐུལ་འཐེན་ཞིབ་མཇུག་འབྲས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གསར་རྙེད་བྱུང་བའི་གནད་དོན་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་ལས་རྒྱ་ཡན་དུ་གཏན་ནས་མི་གཏོང་བར། ཟས་རིགས་བདེ་འཇགས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས།
གྲོས་ཚོགས་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།