ས་གནས་དེ་གའི་དུས་ཚོད་ཟླ5ཚེས24ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཡཱ་ཅ་ཏ་རུ་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལ་པོ་ཝོ་དང་མཉམ་དུ་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་ལས་རིགས་ཀྱི་དགོང་སྟོན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི200ཙམ་དགོང་ཚོགས་ལ་ཞུགས།
ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ལ། ཝན་ལུང་གྲོས་ཚོགས་འཚོགས་ནས་ལོ70འཁོར་བའི་ལོ་ཡང་ཡིན། ལོ70ལྷག་ཙམ་གྱི་སྔོན་དུ། འཛམ་གླིང་ནི་ལོ་རྒྱུས་ཀྱི་བཞི་མདོ་རུ་གནས་ཡོད་ལ། གོ་ལ་ཧྲིལ་པོར་རྩོད་གཞི་དང་འགལ་ཟླས་ཁེངས་པའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་སོགས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཝན་ལུང་དུ་མཉམ་འཛོམས་བྱས་ནས་མཐུན་སྒྲིལ་དང་། མཛའ་བརྩེ། མཉམ་ལས་བཅས་ཀྱི་ཝན་ལུང་གི་སྙིང་སྟོབས་གྲུབ་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་གི་གནས་བབ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལོ་ངོ70ལྷག་ཙམ་རྗེས་ཀྱི་དེ་རིང་འཛམ་གླིང་སླར་ཡང་གལ་ཆེ་བའི་བཞི་མདོ་རུ་གནས་ཡོད། རྒྱལ་སྤྱིའི་གནས་བབ་ཟང་ཟིང་དུ་འགྱུར་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཆེ་རུ་ཕྱིན་པ། བཙན་ཤེད་བྱ་སྤྱོད་ཇེ་མང་དུ་ཕྱིན་པས། ཝན་ལུང་སྙིང་སྟོབས་ཀྱི་དུས་རབས་ཀྱི་རིན་ཐང་སྔར་ལས་མངོན་གསལ་དུ་ཕྱིན་ཡོད། ང་ཚོས་ལོ་རྒྱུས་མདུན་སྐྱོད་ཀྱི་འཕེལ་ཕྱོགས་ཆེ་གྲས་དང་བསྟུན་ནས། མཐུན་པ་དང་ལེན་དང་མི་མཐུན་པ་སོར་འཇོག ཞི་བདེ་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་མི་མཐུན་པའི་ཆ་སེལ་བ་དང་མཉམ་ལས་ལ་བརྟེན་ནས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་འཛུགས་མཉམ་སྤྱོད་ཀྱི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱ་དགོས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝན་ལུང་གི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས་བྱས་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཕྱོགས་གཉིས་ཀྱི་ཉོ་ཚོང་བྱེད་ཚད་ཆེ་རུ་ཕྱིན་པ་དང་སྤུས་ཚད་མཐོ་རུ་ཕྱིན་ཡོད་ལ། ཕྱོགས་གཉིས་ཀྱི་དངུལ་གཏོང་མགྱོགས་མྱུར་ངང་འཕར་བ་དང་།རྣམ་གྲངས་གལ་ཆེན་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་ཐག་སྔར་ལས་དམ་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་མི་དམངས་ལ་དངོས་སུ་ཕན་པ་ཐོབ་པ་དང་། འཛམ་གླིང་དཔལ་འབྱོར་ལ་ངེས་གཏན་རང་བཞིན་སྔར་ལས་མང་པོ་བསྣན་ཡོད།
ལིས་ཆང་གིས་ནན་གྱིས་བསྟན་དོན། ད་ལོ་ནས་བཟུང་ཕྱི་ཕྱོགས་ཀྱི་འགྲན་རྩོད་ཇེ་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕར་སྣོན་བྱུང་ནས་ནང་གནས་ཀྱི་སྒུལ་ཤུགས་སྟོབས་ལྡན་མངོན་པ་དང་། འཕར་ཚད་ཀྱི་བར་སྟོངས་ཧ་ཅང་ཆེན་པོ་འདུས་ཡོད། གཅིག་ནི་དགོས་མཁོ་གློད་པའི་འཕར་ཚད་ཀྱི་བར་སྟོངས་ཡིན། ཀྲུང་གོས་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། འཛད་སྤྱོད་སྐུལ་སྤེལ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བཞིན་ཡོད་པས། གཞི་ཁྱོན་ཚད་བརྒལ་གྱི་ཁྲོམ་རའི་སྦས་ཤུགས་རྒྱུན་ཆད་མེད་པར་གློད་རྒྱུ་རེད། གཉིས་ནི་ཚན་རྩལ་གྱིས་ནུས་པ་འདོན་སྤྲོད་བྱེད་པའི་འཕར་ཚད་ཀྱི་བར་སྟོངས་ཡིན། ཀྲུང་གོས་ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་ཚད་བརྒལ་བྱུང་བ་དང་། མི་ཐབས་རིག་ནུས་དང་། འཕྲུལ་མི། སྐྱེ་དངོས་སྨན་རྫས་སོགས་ཀྱིས་་མགྱོགས་མྱུར་ངང་ལས་རིགས་བརྒྱ་སྟོང་མང་པོར་ནུས་པ་སྤྲད་པས། རྒྱལ་ཁབ་སོ་སོའི་ཁེ་ལས་ལ་གསར་གཏོད་དང་དངུལ་གཏོང་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་བསྐྲུན་རྒྱུ་རེད། གསུམ་ནི་ཐོན་ལས་རིམ་སྤོར་གྱི་འཕར་ཚད་བར་སྟོངས་ཡིན། ཀྲུང་གོས་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ཕྱི་རྒྱལ་ལ་དངུལ་གཏོང་བྱེད་ཚད་རྒྱ་སྐྱེད་བཏང་སྟེ་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཐོན་སྐྱེད་མཁོ་སྤྲོད་སྦྲེལ་ཐག་གི་ཆུ་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་རེད། ཀྲུང་གོས་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་རྒྱལ་ཁབ་ཁག་དང་འཕར་ཚད་ཀྱི་བར་སྟོངས་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་ལ། བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་སྐྲུན་བྱེད་པར་ཁོར་ཡུག་སྔར་ལས་ལེགས་པོ་གཏོད་རྒྱུ་ཡིན་ལ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་བཟོ་ཚོང་ལས་རིགས་ཀྱིས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། བྱ་སྤྱོད་ཧུར་ཐག་གིས་སྤེལ་ནས་མཉམ་ལས་ཀྱི་གོ་སྐབས་ཆེ་རུ་གཏོང་བ་དང་། ཐོན་ལས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ། རང་མོས་ཉོ་ཚོང་སྲུང་སྐྱོང་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་འཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཕུའུ་ལ་པོ་ཝོ་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་འབྲེལ་བ་ནི་དུས་རབས21པའི་འཐབ་ཇུས་རང་བཞིན་ལྡན་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཕུན་སུམ་ཚོགས་ཤོས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲས་ཤིག་ཡིན། ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། ཐོན་ལས། ལྗང་མདོག་དཔལ་འབྱོར། ཚན་རིག་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་གཞུང་བརྗེ་རེས་དམ་ཟབ་བྱས་ཏེ་གཉིས་ཕན་མཉམ་རྒྱལ་གྱི་ཁེ་ཕན་སྔར་ལས་མངོན་འགྱུར་བྱེད་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡ་རུ་མུ་མཐུད་དུ་དངུལ་གཏོང་ལས་སྐྲུན་བྱེད་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཝན་ལུང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཨེ་ཤ་ཡ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དར་རྒྱས་ལ་སྲུང་སྐྱོང་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཟེར།
དགོང་སྟོན་མ་འཚོག་སྔོན་དུ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཝན་ལུང་གྲོས་ཚོགས་འཚོགས་ནས་ལོ70འཁོར་བའི་དྲན་གསོའི་འགྲེམས་སྟོན་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་ཚོང་དོན་མཉམ་ལས་གྲུབ་འབྲས་འགྲེམས་སྟོན་ལ་མཉམ་དུ་གཟིགས་ཞིབ་གནང་།
ཤ་བོ་གསེར་མཚོས་བསྒྱུར།