ཟླ5པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཟུར་པ་ཁྲིན་ཏི་ལེང་སྐུ་གཤེགས་པར་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་ལ་གློག་འཕྲིན་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་ཞུས་ནས་མྱ་ངན་ཟབ་མོ་ཞུས་པར་མ་ཟད། ཁྲིན་ཏི་ལེང་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་བློ་མཐུན་ཁྲིན་ཏི་ལེང་ནི་ཡོ་ནན་གྱི་ཏང་དང་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ་ཞིག་ཡིན་ཞིང་། ཡོ་ནན་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་སྒོ་འབྱེད་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཡིན་པའི་བློ་མཐུན་ཁྲིན་ཏེ་ལེང་གིས་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱས་མྱོང་། བློ་མཐུན་སུའུ་ལིན་གྱིས་གཙོ་བྱས་ཏེ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཡོ་ནན་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།