ལིས་ཆང་གིས་ཧོང་ཞོན་ཚེ་བསྟུད་མར་སིང་ཀ་ཕོར་གྱི་ཙུང་ལི་ལ་བདམས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2025.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧོང་ཞོན་ཚེ་ལ་གློག་འཕྲིན་བཏང་ནས། ཁོ་བསྟུད་མུར་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས།

ལིས་ཆང་གིས་ཀྲུང་གོ་དང་སིང་ཀ་ཕོར་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་ཟླ་གྲོགས་གཙོ་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལེགས་པོ་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་ཡིས། རྒྱལ་ཁབ་གཉིས་ཀྱི་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནན་མོ་བཏང་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ཡོང་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། ངས་ཙུང་ལི་ཧོང་ཞོན་ཚེ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ 35འཁོར་བ་གོ་སྐབས་སུ་བཟུང་སྟེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་ལས་ཟབ་མོ་བྱེད་པ་དང་གཉིས་ཕན་མཉམ་ལས་རྒྱ་སྐྱེད་པ། མི་གཞུང་རིག་གནས་བརྗེ་རེས་དམ་ཟབ་བྱེད་པ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྒྲིག་སྲོལ་ལ་མཉམ་གཅིག་ཏུ་སྲུང་སྐྱོབ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བར་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ས་ཁུལ་དར་རྒྱས་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།