ལིས་ཆང་ཡ་ཅ་ཏར་འབྱོར་ནས་ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
2025.05.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གནམ་གྲུར་བསྡད་ནས་ཡ་ཅ་ཏའི་ཧ་ལིས་མུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཏེ། ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།

ཧིན་རྡུ་ཉི་ཞི་ཡའི་དངུལ་གཏོང་དང་ཐོན་ལས་ཕྱི་མའི་པུའུ་ཀྲང་ལུའོ་ཧྲན་དང་ཧིན་རྡུ་ཉི་ཞི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ལུའུ་ཐུང་སོགས་གནམ་གྲུ་ཐང་དུ་སོང་ནས་བསུ་མ་བྱས།

ལིས་ཆང་གིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ75འཁོར་བའི་རིང་ལ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ན་ནིང་ཀྲུའུ་ཞི་ཞི་ཅིང་ཕིང་དང་སྲིད་འཛིན་ཕུའུ་ལཱ་པོ་ཝའོ་གཉིས་ཀྱིས་མཇལ་འཕྲད་གྲོས་མོལ་ཐེངས་གཉིས་ལ་གནང་ནས། ས་ཁུལ་དང་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་གཅིག་མཐུན་གྱི་ངོས་འཛིན་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་བགྲོད་ལམ་དུ་ལེགས་པར་བསྐྱོད་དེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་འཕེལ་རྒྱས་ལ་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཝན་ལུང་གྲོས་ཚོགས་འཚོགས་ནས་ལོ70འཁོར་བའི་ལོ་ཡིན་པས། མཐུན་སྒྲིལ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་ཝན་ལུང་སྙིང་སྟོབས་དེ་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་གལ་ཆེན་དུ་གྱུར་ཡོད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཝན་ལུང་སྙིང་སྟོབས་སྔར་ལས་ལྷག་པར་དར་སྤེལ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་དངོས་སུ་ལག་ལེན་དུ་བསྟར་བར་སྐུལ་འདེད་གཏོང་བ་དང་། ལག་གདང་མཉམ་སྦྲེལ་གྱིས་འགྲན་སློང་ལ་ཁ་གཏད་དེ་ཐུན་མོང་སྒོས་དར་རྒྱས་ཆེན་པོར་མཉམ་སྐུལ་དང་མཉམ་སྤྱོད་བྱེད་དགོས།