ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་དང་གྲོས་མོལ་མཛད།
2025.05.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ5པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་བཞུགས་ཤག་ནས་ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལཱ་པོ་ཝའོ་དང་གྲོས་མོལ་མཛད།

ཐོག་མར། ལིས་ཆང་གིས་སྲིད་འཛིན་ཕུའུ་ལཱ་པོ་ཝའོ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛའ་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་དང་། འབྲེལ་བ་བཙུགས་ནས་ལོ75འཁོར་བའི་རིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ལྟ་སྐྱོང་བྱས་པས་སྲོལ་རྒྱུན་མཛའ་བརྩེ་དུས་དང་འགྲོགས་ནས་ཇེ་བརྟན་དུ་སོང་ཡོད། ན་ནིང་ཟླ11པར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ས་ཁུལ་དང་འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་པར་སྣེ་ཁྲིད་གནང་། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཐུན་སྒྲིལ་མཉམ་ལས་ཐད་ཤུགས་བསྣན་ཏེ། འདེགས་སྐྱོར་ཆེན་པོ་ལྔའི་མཉམ་ལས་ཀྱི་རྣམ་པ་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་རྟོན་དང་འཐབ་ཇུས་ཐད་ཀྱི་མཉམ་ལས་ཆུ་ཚད་སྔར་ལས་མཐོན་པོར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་པ་བསྟན། 

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་བར་གྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཐད་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དཔེ་མཚོན་རང་བཞིན་གྱི་ལས་གཞི་དག་སྤུས་ལེགས་སྟོབས་ལྡན་དུ་གཏོང་འདོད་ཡོད་ལ། ཕྱོགས་གཉིས་ཀས་ཁྲོམ་ར་སྦྲེལ་མཐུད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། ཉོ་ཚོང་དང་དངུལ་གཏོང་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། དངུལ་རྩ་དང་། ནུས་ཁུངས་གསར་པ། གཞི་གྲངས་དཔལ་འབྱོར། རྒྱ་མཚོ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། མི་སྣ་འགྲོ་འོང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ནས་དམངས་ཚིས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་སོགས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་ཝན་ལུང་སྙིང་སྟོབས་དར་སྤེལ་གཏོང་བ། འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་བྱེད་པ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་རྒྱུན་འཁྱོངས་བྱེད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།

ཕུའུ་ལཱ་པོ་ཝའོ་ཡིས་ལིས་ཆང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུས། ཁོས་བསྟན་དོན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཞིང་ལས་དང་ལྗང་མདོག་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོའི་ཁེ་ལས་ཧིན་རྡུ་ཉི་ཞི་ཡར་དངུལ་གཏོང་དུ་ཡོང་བར་དགའ་བསུ་ཞུས་པ་ཡིན་ལ། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཚོ་ཐོག་གསར་སྤེལ་མཉམ་སྒྲུབ་ཀྱི་གཅིག་མཐུན་ངོས་འཛིན་དོན་འཁྱོལ་བྱས་ཏེ། ལྷོ་མཚོའི་བྱ་སྤྱོད་ཚད་གཞིའི་གྲོས་མོལ་ཇེ་མགྱོགས་སུ་གཏོང་བ་དང་ལྷོ་མཚོའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་བར་གྱི་ཕྱོགས་མང་ལས་དོན་ཐད་ཀྱི་བརྗེ་རེས་དང་མཉམ་ལས་དམ་ཟབ་ཏུ་བཏང་སྟེ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རེ་སྒུག་བྱས་ཡོད་ཅེས་བསྟན།

གྲོས་མོལ་མཇུག་བསྒྲིལ་རྗེས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་དང་། ཐོན་སྐྱེད་ཕྲེང་འབྲེལ། དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་མཉམ་དུ་བདེན་དཔང་བྱས།