མཚོ་སྔོན་གྱི་འཐུས་ཚབ་ཚོགས་པ་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ཉི་ཤུ་པར་ཞུགས།
2025.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམ་ཚོགས་སྐབས་ཉི་ཤུ་པ་ཟླ5པའི་ཚེས25ཉིན་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཐེངས་དང་པོར་གཙོ་མགྲོན་ཞིང་ཆེན་བྱས་ནས་འགྲེམས་ཚོགས་ལ་ཞུགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕིན་ཆིན་ཧྭ་ཡིས་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམས་ཚོགས་མཚོ་སྔོན་འགྲེམས་སྟོན་ཁང་དུ་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་ནུབ་རྒྱུད་དངུལ་གཏོང་གསལ་བཤད་ཚོགས་འདུ་སྐབས་བཅུ་གསུམ་པ་དང་དཔལ་འབྱོར་མཉམ་ལས་ལས་གཞིའི་གྲོས་མཐུན་འགོད་པའི་མཛད་སྒོར་འགོ་འཛིན་བྱས།

ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མཛུབ་ཁྲིད་འོག ནུབ་རྒྱུད་རྒྱལ་སྤྱིའི་འགྲེམས་ཚོགས་དེ་ཁུལ་ཁོངས་རང་བཞིན་གྱི་འགྲེམ་ཚོགས་ནས་འཛམ་གླིང་ཧྲིལ་བོར་ཤན་ཤུགས་ལྡན་པའི་སྒོ་འབྱེད་ལས་སྟེགས་སུ་གྱུར་པ་དང་། དེ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱིས་འཛམ་གླིང་བར་གྲོས་མོལ་བྱེད་པའི་གསེར་མདོག་གི་འབྲེལ་ཐག་ལྟ་བུ་ཡིན་ལ། འཛམ་གླིང་ཧྲིལ་བོའི་དཔལ་འབྱོར་ཚན་རྩལ་ནུབ་རྒྱུད་དུ་ཁྱབ་གདལ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ས་དེ་ལས་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གིས་ནུབ་རྒྱུད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་ཁུལ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཡོད། སྐབས་འདིའི་ནུབ་རྒྱུད་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱིས་བཅོས་སྒྱུར་ཟབ་སྤེལ་བྱས་ནས་སྒུལ་ནུས་སྣོན་པ་དང་། སྒོ་འབྱེད་རྒྱ་བསྐྱེད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་བྱས་པ་དང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྤེལ་བའི་ཆོད་སེམས་བརྟན་པོ་མངོན་ཡོད་ལ། ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་དེ་སྤུས་འདེགས་ནུས་སྤེལ་གྱི་འཕེལ་རྒྱས་གྱི་དུས་རིམ་གསར་པར་སླེབས་པ་མཚོན་ཡོད། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས། མཐོ་སྒང་གི་ཁྱད་དུ་འཕགས་པའི་སྐྱེ་ཁམས་དགེ་མཚན་ལ་བརྟེན་ནས་རྒྱལ་ཁབ་འཐབ་ཇུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཡོད། དུས་རབས་གསར་པའི་བསྐྱོད་ལམ་གསར་པར། མཚོ་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་ཀྱིན་ཡོད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་སྣེ་ཁྲིད་དུ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་ལ་དམ་དུ་དམིགས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ལས་དར་སྤེལ་ལ་བཀྲག་མདངས་འཚེར་བར་བྱེད་དགོས། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་བསྐྲུན་པ། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་སྟེགས་བུ་མཉམ་སྐྲུན་གྱིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྒོ་འབྱེད་ཀྱི་སྐྱེ་སྟོབས་འབར་བར་བྱེད་རྒྱུ་ཡིན། སྐུ་མགྲོན་ཚོ་མཚོ་སྔོན་དུ་ཕེབས་པ་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་དྲུག་པར་ཞུགས་སུ་ཡོང་བར་གདན་འདྲེན་ཞུས་པ་ཡིན་ཟེར།

ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རི་མོ་བྲིས་པ་དང་། ས་འདི་ནི་སྒོ་འབྱེད་མཉམ་ལས་རྒྱ་བསྐྱེད་པའི་མདུན་གྱི་གཡུལ་ས་དང་། འཕེལ་རྒྱས་ཀྱི་གོ་སྐབས་མང་པའི་དངུལ་གཏོང་གི་གཤིན་ས། ལག་རྗེས་ཆེན་པོ་བཞག་ཆོག་པའི་གནས་ཡངས་པོ་བཅས་ཡིན་པས། རྒྱ་ཆེའི་དངུལ་གཏོང་པ་དང་ཁེ་ལས་པ་ཚོས་གོ་སྐབས་དམ་འཛིན་བྱེད་པ་དང་ནུབ་རྒྱུད་དུ་འཆར་འགོད་བཟང་བོ་བྱེད་པ། དངུལ་གཏོང་ལས་སྤེལ་དང་མཉམ་ལས་གཏིང་ཟབ་བྱས་ནས། སྔར་ལས་དར་རྒྱས་མཛེས་སྡུག་གི་ནུབ་རྒྱུད་ཀྱི་མ་འོངས་གསར་པ་མཉམ་སྐྲུན་བྱེད་པར་དགའ་བསུ་ཞུ་ཞེས་བཤད།

ལིའུ་ཁྲའོ་ཡིས་དངུལ་གཏོང་གསལ་བཤད་ཚོགས་འདུའི་སྟེང་ཚྭ་མཚོའི་ཐོན་ཁུངས་དང་དག་གཙང་ནུས་ཁུངས། སྐྱེ་ཁམས་ཡུལ་སྐོར། སྐྱེ་ལྡན་ཞིང་ཕྱུགས། ལྗང་མདོག་རྩིས་ནུས། ཚོང་གཉེར་ཁོར་ཡུག་བཅས་ཕྱོགས་དྲུག་ཐད་ནས་རྫོགས་ལྡན་གྱི་མཚོ་སྔོན་དང་སྤུས་གསར་མ་འོངས་ཞེས་པའི་བརྗོད་དོན་ངོ་སྤྲོད་བྱས། རང་ཞིང་གི་ལས་གཞི་གཙོ་བོ་གཉིས་ཐད་ཡུལ་དངོས་ནས་གྲོས་མཐུན་བཀོད་པ་དང་། ཁེ་ལས་ཉི་ཤུ་ལྷག་འགྲེམས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།