རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཆེད་དོན་རྟོག་ཞིབ་བྱས།
2025.05.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས21ཉིན་ནས་ཚེས25ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་ལ་ཡོང་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བར་ཆེད་དུ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཟི་ལིང་དུ་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་དང་། བློ་བཟང་རྒྱལ་མཚན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

བློ་བཟང་རྒྱལ་མཚན་གྱིས་མཚོ་སྔོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་བླངས་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་ཏང་གི་མི་རིགས་བྱ་བ་དང་མི་རིགས་ས་ཁུལ་གྱི་བྱ་བ་སྣ་ཚོགས་ཀྱི་གཙོ་རྐང་བྱེད་པ་རྒྱུན་འཁྱོངས་དང་། རང་གི་མིག་ལ་གཅེས་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ། རྒྱལ་ཡོངས་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། མི་རིགས་སོ་སོས་རྒྱ་ཆེར་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཕན་ཡོད་ལྔའི་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། འདུ་ཤེས་གསུམ་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། དགོན་པ་དོ་དམ་ལས་ཁུངས་དང་དགོན་པ་དོ་དམ་རུ་ཁག་སྒྲིག་འཛུགས་བྱེད་པར་ཤུགས་སྣོན་པ། ཚད་གཞི་བཞི་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སྐྱེད་སྲིང་བྱེད་པ་དང་། སྔོན་ཐོན་དཔེ་མཚོན་བསྐྲུན་པ་དང་ཁྱབ་གདལ་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་མུ་མཐུད་དུ་ཁྲིད་སྟོན་བྱེད་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། མཚོ་སྔོན་གྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། འཕེལ་རྒྱས་བརྒྱུད་རིམ་ཁྲོད་དམངས་ཚིས་ལེགས་སྒྱུར་དང་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འབྲེལ་ཡོད་བྱ་བར་འཆར་འགོད་ལེགས་པོ་བྱེད་དགོས། ཁྱོན་ཡོངས་ལ་དམིགས་ནས་ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་། དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཟབ་ནན་སྒོས་སྤེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས།

ཝུའུ་ཞའོ་ཅུན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་དུས་རབས་གསར་པའི་བོད་ལྗོངས་བཅོས་སྐྱོང་ཐབས་ལམ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བར་བརྟེན། འཕེལ་རྒྱས་ཀྱི་དུས་སྐབས་ཆེས་ལེགས་ཤོས་དེ་བསུས་ཡོད། རྒྱལ་ཡོངས་དམངས་ཆེན་གྱིས་སྔར་བཞིན་མཚོ་སྔོན་གྱི་བྱ་བར་རྒྱབ་སྐྱོར་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་སྒྲིག་བཟོ་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་གལ་ཆེན་སྒྲིག་བཀོད་བྱེད་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་གྱིས་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ཕན་བདེ་བསྐྲུན་པ། ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་སོགས་ཀྱི་ཐད་སྔར་ལས་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གསར་བ་སྤོ་བར་རོགས་ཤུགས་འདོན་རྒྱུའི་རེ་བ་བཅངས་ཡོད། འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་རྟོག་ཞིབ་གྲུབ་འབྲས་ཚུལ་སྒྱུར་ལེགས་པོ་བྱས་ནས། འཕེལ་རྒྱས་ཀྱི་ལག་ལེན་ལ་སྟོབས་ནུས་སྩོལ་བ་དང་། མ་འོངས་པའི་ལོ་ངོ་ལྔ་དང་ཡང་ན་དུས་ཡུན་དེ་ལས་རིང་བའི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བཤད།

མཚོ་སྔོན་དུ་སྡོད་སྐབས། རྟོག་ཞིབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་སུ་སོང་ནས། ཡུལ་དངོས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཆོས་ལུགས་ལས་དོན་དོ་དམ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད་ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱས།

རྟོག་ཞིབ་ཚན་ཆུང་གི་ཁོངས་མི་ལིན་རོས་དང་། ཀྲོའུ་མེན་སོགས་དང་། ཞིང་ཆེན་གྱི་འགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ཝང་ལིས་མེན། ཀྲང་ཅིན་ཀང་། དབྱང་ཧྥུན་ཁྲུན་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།

མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁག་ཅིག་འབྲེལ་ཡོད་བྱེད་སྒོར་ཞུགས།

ལྷ་མོ་འཚོས་བསྒྱུར།