ཞི་ཅིན་ཕིང་གིས་ཧྥུའུ་ཏན་སློབ་ཆེན་བཙུགས་ནས་ལོ120འཁོར་བར་རྟེན་འབྲེལ་འཕྲིན་ཡིག་བསྐུར།
2025.05.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 22

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས26ཉིན་ཧྥུའུ་ཏན་སློབ་ཆེན་བཙུགས་ནས་ལོ120འཁོར་བར་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ་དང་། དགེ་སློབ་དང་ལས་བཟོ་པ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ120ཡི་རིང་། ཧྥུའུ་ཏན་སློབ་ཆེན་དུས་རབས་དང་མཉམ་སྐྱོད་བྱས་ཏེ། གཟི་བརྗིད་ལྡན་པའི་རྒྱལ་གཅེས་སྲོལ་རྒྱུན་དང་སློབ་གྲྭའི་སྲོལ་རྒྱུན་ཕུལ་བྱུང་ཆགས་ཡོད་ལ། ཕུལ་བྱུང་འཇོན་མི་འབོར་ཆེན་སྐྱེད་སྲིང་བྱས་པ་དང་གསར་བརྩམས་གྲུབ་འབྲས་མང་པོ་བླངས་ནས། རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་ཡར་ཐོན་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འགོ་རྩོམ་ས་གསར་པའི་སྟེང་། ཧྥུའུ་ཏན་སློབ་ཆེན་གྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སྐྱེད་སྲིང་བྱེད་པ་དང་། སློབ་གསོའི་ཚན་རིག་ཞིབ་འཇུག་བཅོས་སྒྱུར་ཟབ་སྤེལ་བྱས་ནས། ཚན་རྩལ་གྱི་རང་བདག་གསར་གཏོད་དང་འཇོན་མིའི་རང་བདག་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད། བྱེད་ཐབས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་བྱས་རྗེས་གསར་པ་འཇོག་པའི་རེ་བ་བཅངས་ཡོད།

ཧྥུའུ་ཏན་སློབ་ཆེན་ནི1905ལོར་བཙུགས། ལོ120ཡི་རིང་། སློབ་གྲྭས“སློབ་སྦྱོང་ལ་བརྩོན་ཞིང་དད་སེམས་བརྟན་པོ་བཅངས་ནས། བསམ་མནོ་ཟབ་མོ་གཏོང་བ”ཞེས་པའི་སློབ་གྲྭའི་དམ་ཚིག་སྲུང་ཞིང་། ཕུལ་བྱུང་དོན་གཉེར་དང་གསར་གཏོད་སྲོལ་འབྱེད་བྱས་ཏེ། རྒྱལ་ཁབ་ལ་ཕུལ་དུ་བྱུང་བའི་འཇོན་མི་འབོར་ཆེན་སྐྱེད་སྲིང་བྱས།