ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ལ་མཇལ་འཕྲད་གནང་།
2025.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཐོག་ཁང་དུ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་དཔོན་པུའུ་ཨན་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ལཱ་པོ་ཝོ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག  ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཕྱིན་ཡོད། མིག་སྔའི་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་མཐུན་སྒྲིལ་མཉམ་ལས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་འཛུགས་ལས་ཁུངས་བར་མཛའ་མཐུན་འགྲོ་འོང་དང་ཏང་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་མཛའ་མཐུན་བྱ་གཞག་ཐད་སྔར་ལས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཝན་ལུང་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བར་འཛིན་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ནས། འཛམ་གླིང་ཡོངས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་བརྟན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་བསྩོལ་དགོས།

པུའུ་ཨན་གྱིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང་ཝན་ལུང་ཚོགས་འདུ་བསྡུས་ནས་ལོ70འཁོར་བ་གོ་སྐབས་སུ་བརྩིས་ཏེ། བསམ་ཚུལ་བརྗེ་རེས་ལ་ཤུགས་སྣོན་དང་མཉམ་ལས་རྒྱ་ཆེར་གཏོང་བ།  ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།