ས་དེའི་དུས་ཚོད་ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཡ་ཅ་ཏ་རུ་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས།
ལིས་ཆང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ལ་རྡུང་རྡེག་ཚབས་ཆེན་ཐེབས་ཡོད། ཉེན་ཁ་དང་འགྲན་སློང་གི་མདུན་དུ། རང་རྒྱལ་གྱིས་སྤྱི་ཁོག་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཇེ་མཐོར་བཏང་སྟེ། ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོ་ཡོང་བའི་འབྲེལ་ཡོད་བྱེད་ཐབས་བཏོན་པ་མ་ཟད། སྲིད་ཇུས་ཀྱི་ལག་ཆ་གསར་པ་ཞིབ་འཇུག་དང་གསོག་འཇོག་བྱེད་བཞིན་ཡོད་དེ། དཔལ་འབྱོར་འཁོར་སྐྱོད་བསྟུད་མར་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ནུས་པ་ཡོད། ང་ཚོས་མུ་མཐུད་དུ་རྒྱལ་ཁབ་སྔར་ལས་མང་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་ཕྱི་ཕྱོགས་བདག་གཉེར་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་བསྐྲུན་པའི་ཞོར་དུ་སྲིད་ཇུས་ཀྱི་སྟེང་ནས་ཁེ་ལས་ལ་རྒྱབ་སྐྱོར་སྔར་ལས་ཆེ་བ་བྱ་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་རྐང་བཙུགས་ནས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ནས་རྒྱལ་སྤྱི་ཅན་གྱི་གར་སྟེགས་སྟེང་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས།
ཚོགས་ཞུགས་ཁེ་ལས་ཀྱི་འཐུས་ཚབ་ཀྱིས་བསྟན་དོན། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ཁོར་ཡུག་གི་གཏན་འཁེལ་མིན་པའི་རང་བཞིན་ལ་ཁ་གཏད་ནས། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་འགྲན་སློང་གདོང་ལེན་གྱིས་ཕྱི་རྒྱལ་གྱི་ཁྲོམ་ར་གསར་འབྱེད་བྱེད་དགོས། ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱིས་ལྗང་མདོག་དཔལ་འབྱོར་དང་ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་ཡོང་བར་འབད་པ་བྱེད་འདོད་ཡོད།