ས་དེའི་དུས་ཚོད་ཟླ5པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཅི་ལུང་ཕོ་རུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས་སྐབས།མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སྟེ། ཁུ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་སཱ་པཱ་ཧི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེ་ཐེ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་ཁུ་ཝེ་ཐེའི2035ལོའི་རྒྱལ་ཁབ་ཀྱི་རེ་འདུན་བར་གྱི་སྦྲེལ་མཐུད་ཐད་ཤུགས་སྣོན་པ་དང་། མཉམ་ལས་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་སྔར་ལས་མགྱོགས་པོར་སྐུལ་འདེད་གཏོང་བ། ནུས་ཁུངས་དང་དངུལ་གཏོང་། ལྗང་མདོག་དཔལ་འབྱོར། མི་གཞུང་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བཏང་སྟེ། མཉམ་རྒྱལ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་སྔར་ལས་ཆེན་པོ་གསར་འབྱེད་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པ་དང་། འཛམ་གླིང་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ། འཛམ་གླིང་འཆམ་མཐུན་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།
སཱ་པཱ་ཧི་ཡིས་བསྟན་དོན། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱས་ཏེ། མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་ལས་དོན་མཐུན་སྦྱོར་དམ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལེགས་པོའི་ཆུ་ཚད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།