སྤྱི་ཟླ5པའི་ཚེས27ཉིན་གྱི་སྔ་དྲོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་སྨྱན་སྦྱོར་ལྟེ་གནས་དངོས་སུ་འཛུགས་པའི་མཛད་སྒོ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྡུས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་སུན་ཞིའུ་ཙུང་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཐེ་ཀྲང་ལིས་ཞའོ་ཡན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཏང་ཙུའུ་ཡི་ཁོངས་མི། ཐེ་ཀྲང་གཞོན་པ་བློ་བཟང་དང་ཀྲང་ཞའོ་ཝེ། ཐེ་ཀྲང་ལས་རོགས་པ་ཏའེ་ཅིན། དེ་མིན་ཨ་མདོ་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་འགོ་ཁྲིད་པ་དང་ལས་བཟོ་པའི་འཐུས་ཚབ་བཅས་མཛད་སྒོར་ཞུགས། ཨ་མདོ་སྨྱན་སྦྱོར་ལྟེ་གནས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་བསོད་ནམས་རིན་ཆེན་གྱིས་མཛད་སྒོར་འགོ་འཛིན་བྱས།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པ་བློ་བཟང་གིས་བཤད་རྒྱུར། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་མཐོ་སྒང་གི་ས་གཞིར་རྐང་བཙུགས་ནས། བོད་འབྲེལ་ས་ཁུལ་གྱི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མཚོ་བོད་མཐོ་སྒང་གི་ཆེས་མཛེས་པའི་གཏམ་རྒྱུད་བརྒྱུད་སྒྲོག་བྱེད་ཀྱིན་ཡོད་ལ། གསར་འགྱུར་དྲིལ་སྒྲོག་གི་སྟེགས་བུ་ལ་བརྟེན་ནས། རབ་མཛེས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ་བཅས་ཀྱི་སྣང་བརྙན་བཟང་བོ་དྲིལ་སྒྲོག་གང་ནུས་བྱས་པ་ཡིན་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་སྨྱན་སྦྱོར་ལྟེ་གནས་དངོས་སུ་བཙུགས་པ་ནི། རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་འཐབ་ཇུས་ཀྱི་ཞིབ་ཕྲའི་ལག་ལེན་ཡིན་ལ། བརྒྱུད་སྒྲོག་གི་འདུ་ཤེས་དང་བརྒྱུད་སྒྲོག་གི་རྣམ་པ། བརྒྱུད་སྒྲོག་གི་ཐབས་ལམ་བཅས་ཁྱོན་ཡོངས་ནས་གསར་སྒྱུར་བྱས་ཏེ། དར་ཆ་སྒྲེང་པ་དང་དམངས་སེམས་གཅིག་སྒྲིལ། མི་གསར་སྐྱེད་བསྲིང་། རིག་གནས་དར་སྤེལ། སྣང་བརྙན་མངོན་མཚོན་བཅས་ཀྱི་འགན་འཁྲི་ཡོངས་འགྲུབ་བྱ་རྒྱུ་ཡིན་ཟེར།
ཨ་མདོ་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རིན་དབང་གྲགས་ཚེ་རིང་གིས་བཤད་རྒྱུར། ཨ་མདོ་སྨྱན་སྦྱོར་ལྟེ་གནས་བཙུགས་པ་ནི་དུས་རིམ་གསར་པ་ཞིག་གི་འགོ་བརྩམས་པ་རེད། ཏང་གི་གསུང་སྐད་སྒྲོག་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཕྲག་ཏུ་འཁུར་ནས། མཐུན་སྒྲིལ་གཅིག་གྱུར་དང་འགན་འཁྲི་ཁུར་ཕོད་པ། གསར་སྐྲུན་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས། སྔར་ལས་གཟི་བརྗིད་ལྡན་པའི་གྲུབ་འབྲས་གསར་པ་བསྐྲུན་དགོས་ཟེར།
ཨ་མདོ་སྨྱན་སྦྱོར་ལྟེ་གནས་བཙུགས་པ་དེས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་དུས་རབས་གསར་པའི་སྨྱན་སྦྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས། སྨྱན་སྦྱོར་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གསར་དར་གཙོ་རྒྱུག་སྨྱན་སྦྱོར་ལ་ཤུགས་བསྣན་ནས། གླེང་ཕྱོགས་ཀྱི་གཡུལ་ས་སྔར་ལས་ཇེ་རྒྱས་དང་ཇེ་བརྟན་དུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་ཐུབ།