ས་དེའི་དུས་ཚོད་ཟླ5པའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཅི་ལུང་ཕོ་རུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས་སྐབས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། མ་འགྱངས་པའི་སྔོན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རུ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དང་། ཕྱོགས་གཉིས་ཀྱིས་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྱབ་བསྒྲགས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་གཞི་གྲངས་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་། ཐོན་སྐྱེད་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་བརྟན་བརླིང་གེགས་མེད་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ཡོང་ཆེད་སྔར་ལས་དྲང་ཕྱོགས་ཀྱི་ནུས་པ་འདོན་དགོས།
ཧུང་མཱ་ནའེ་ཡིས་བསྟན་དོན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་དང་ལག་གདང་སྦྲེལ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ། ས་ཁུལ་གྱི་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་ཐུན་མོང་གིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།