ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ། ཀྲུང་ཧྭ་ཆིང་ཡན་ཞི་བདེ་སློབ་གསོའི་ཐེབས་རྩ་ལྷན་ཚོགས་ཀྱི་རྐང་འཛིན་དབུ་གཙོ་ཧུང་ཞིའུ་ཀྲུའུ་སོགས་མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་ཧྭ་རིག་གནས་རྩེ་ཚོགས་སྐབས་གཉིས་པའི་ཐའེ་ཝན་གྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློའི་སྲོག་རྩ་དང་ངོགས་གཉིས་ཀྱི་སྤུན་ཟླ་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡིན་ཞེས་བསྟན། ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས་ཀྱིས་ཀྲུང་ཧྭའི་བུ་བུ་མོ་ཚང་མར་སྤོབས་སེམས་སྐྱེ་རུ་འཇུག་པ་དང་། ཐུན་མོང་གི་ཁྲག་རྒྱུན་དང་། ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཀྱིས་ངོགས་གཉིས་ཀྱི་སྤུན་ཟླས་མི་རིགས་ལ་ཐུན་མོང་གིས་འཁུར་དགོས་པའི་འགན་འཁྲི་བསྩལ་ཡོད། མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་ཧྭའི་རིག་གནས་རྩེ་ཚོགས་འཚོགས་པ་དེ་མཚོ་འགག་འགྲམ་གཉིས་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འོད་སྟོང་གསར་པ་མཉམ་དུ་རྩོམ་པར་དོན་སྙིང་གལ་ཆེན་ལྡན།
ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་ཧྭའི་རིག་གནས་ནི་མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་གོ་བའི་རྩ་བ་དང་བླ་སྲོག་ཡིན་པ་དང་། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་རེད། ང་ཚོས་རིག་གནས་ཀྱི་གདེང་ཚོད་རྒྱུན་འཁྱོངས་དང་། ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་ཀྱི་སྙིང་སྟོབས་རྒྱུན་འཛིན། ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་མཉམ་དུ་འཁུར་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་ངོ80འཁོར་བའི་ལོ་་ཡིན་ལ། ཐའེ་ཝན་སླར་གསོ་བྱས་ནས་ལོ་ང་80འཁོར་བའི་ལོ་ཡང་ཡིན་པས། ང་ཚོས་རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གཞིས་ཁྱིམ་སྲུང་བ། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་གཅིག་མཐུན་ལྟ་བ”ཐུན་མོང་གིས་རྒྱུན་འཁྱོངས་བྱེད་པ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས།
ཧུང་ཞིའུ་ཀྲུའུ་སོགས་ཐའེ་ཝན་གྱི་མགྲོན་པོ་རྣམས་ཀྱིས་བསྟན་དོན། ཀྲུང་གོ་བ་ཞིག་ཡིན་པའི་ཆ་ནས། ཀྲུང་ཧྭའི་རིག་གནས་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ཤིང་། འགྲམ་གཉིས་ཀྱི་སྤུན་ཟླས་ཀྲུང་གོ་གཅིག་རྒྱུན་འཁྱོངས་དང་“ཐའེ་ཝན་རང་བཙན་”ལ་ངོ་རྒོལ་བྱེད་པ། ངོགས་གཉིས་ཀྱི་རིག་གནས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།
དབྱིན་ལིས་སོགས་མཇལ་འཕྲད་ལ་ཞུགས།