ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་འགོ་རྩོམ་མཛད་སྒོར་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥིན་གྱིས་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་པ་མ་ཟད་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཤིས་ཚིག་ཕུལ། ཧྲི་ཐའེ་ཧྥིན་གྱིས་བསྟན་དོན། ཚང་མས་ན་ཆུང་བྱིས་པ་དང་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་འཛུགས་ལ་བརྟེན་ནས་གུང་གཞོན་ཚོགས་པའི་འཛུགས་སྐྲུན་དང་ན་ཆུང་གདོང་ལེན་རུ་ཁག་གི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བྱིས་པ་ཚོར་འཚར་ལོངས་འབྱུང་སའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པ། འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། ཏང་གཅེས་དང་རྒྱལ་གཅེས། བརྩོན་འགྲུས་དང་སློབ་བརྩོན་ཅན། ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱས་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་ཞུགས་རྒྱུར་དུས་ནམ་ཡང་གྲ་སྒྲིག་བྱེད་དགོས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞེའུ་ཁི་ལའེ་ཐི་ཀྲ་ཁི་ཨར་དང་། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཡེའོ་ཡེའོ་བཅས་ཚོགས་འདུར་ཞུགས།
ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོའི་སྟེང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཨ་ཏུང་དང་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཅ་དབྱི་གཉིས་ཀྱིས་སོ་སོར་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ་ཡི་ཚབ་བྱས་ནས་ཤིས་ཚིག་ཕུལ། ན་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། ན་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ནང་སློབ་སྦྱོང་དང་ལག་ལེན་བྱས་ནས་འཚར་ལོངས་བྱུང་བའི་གཏམ་རྒྱུད་ལ་ཉན། ཚོགས་ཆེན་ཐོག་རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་གི་ཕུལ་བྱུང་ཟུར་ཁྲིད་པ་དང་རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་གི་ཕུལ་བྱུང་ཐུན་མོང་གི་འཐུས་མི་ལ་བྱ་དགའ་གནང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཝང་དབྱི་ཡིས་ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་བྱ་བའི་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པའི་འགན་ཁུར་བློ་མཐུན། རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི། རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་གི་ཕུལ་བྱུང་ཟུར་ཁྲིད་པ་དང་རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་གི་ཕུལ་བྱུང་ཐུན་མོང་གི་འཐུས་མི། པེ་ཅིང་གྲོང་ཁྱེར་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་འཐུས་མི་སོགས་མི་3000ཡས་མས་འགོ་རྩོམ་མཛད་སྒོར་ཞུགས།